Tuesday 27 October 2015

དམྱལ་བའི་ཟུར་ཞིག འོས་སྦྱོར།

མི་ལ་ཙི་ཙི། 旺什代海文学平台
རི་བདག་མེད་དར་ལྕོག་ཅི་འདྲ་འཐེན།
ཆུ་བདག་མེད་མཆོད་པ་ག་ཙམ་བཤམ།
ས་བདག་མེད་ཚ་ཚ་ཅི་ཙམ་དཔར།
རྡོ་བདག་མེད་མ་ཎི་ག་འདྲ་བསྐོས།
                         གླིང་སྒྲུངཨ་སྟག་ལྷ་མོལས།
གསར་བརྗེ་ཡི་གཏུམ་དྲག་ག་ལེར་རྒྱང་དུ་དྭངས་སོང་རུང་། འཛུགས་སྐྲུན་གྱི་གདུག་རྩུབ་ཉིན་རེར་ཇེ་ཐུར་འགྲོ་བཞིན་མེད་པའི་སྐད་ཆ་བདག་ལ་མེད།  དེ་ལ་ད་དུང་སྤྱི་ཕན་ལས་གཞི། དམངས་ཕན་བཟོ་སྐྲུན་སོགས་ཀྱི་ཤུན་པགས་ཀྱིས་གཡོགས་ཏེ་ངོམ་སོ་རྒྱག་གིན་ཡོད།   ཁྲོམ་སྒྲོག་བྱེད་ཀྱིན་ཡོད། འདི་ལྟ་བུའི་འཕེལ་རྒྱས་རྫུས་མ(伪发展)ཡི་ཁྲོད་ནས། གདོད་འབངས་ག་ཙམ་ཁྱིམ་གཞིས་ཤོར་བའི་ཡུལ་གྱར་པར་འགྱུར་གྱིན་ཡོད།  བྱིས་པ་ག་ཙམ་རྩད་པ་ཆད་པར་གྱུར་བའི་འཁྱམས་པའི་རབས་སུ་བརྡོལ་གྱིན་ཡོད། ... ... 

བདག་གི་ཕ་ཡུལ་བོང་སྟག་གི་འདི་ལྟའི་དར་རྒྱས་ལ་དེ་སྔོན་རྒྱ་མི་ལས་གྲོགས་ཤིག་གིས"你们天峻县的建设不是社会发展,而是全民发财"ཟེར། དེ་ཐོས་མ་ཐག་ང་རང་རླུང་ཕྲན་བུ་ལངས་མྱོང་། དེ་རིང་ཞིབ་འདང་གློད་ན་དངོས་ནས་དེ་འདྲ་མིན་པ་ཡང་མ་རེད། རྩྭ་ཆུ་སྣག་ལ་ས་བཅུད་སྣུམ་པས། སྔོན་ཆད་བོད་བཙན་པོའི་སྐབས་ཨ་སྤོ་ལྡོང་གི་རུ་པས་གཞིས་ཆགས་བྱེད་མྱོང་སའི་མུ་རུ་མར་ཁུའི་མཚོ་མོ་དེ། ད་ཆ་གཏུམ་དྲག་གི་རྡོ་སོལ་སྔོག་བརྐོ་ནས་མི་ཡུལ་གྱི་དམྱལ་ཁམས་ངོ་མར་བསྒྱུར་ཡོད། འདི་ལས་ཐོན་པའི་དཔལ་འབྱོར་གྱི་ཉལ་ཐས་ནི། ད་ཆ་ཐེམ་ཆེན་རྫོང་གི་གཞུང་ཞབས་པའི་སྡེ་ཁག་གཙོ་བྱས་པའི་སྤྱི་ཚོགས་ལས་རིགས་སོ་སོ་ནི། བུ་རབས་ཚ་རྒྱུད་ཀྱི་ཟས་སྐལ་སྔོན་ལ་ལོངས་སུ་སྤྱོད་མཁན་དུ་གྱུར་ཏེ་ཡོད་པ་རེད། དེ་བས་ཀྱང་ཧ་ལས་པ་ནི་འདིར་ངོ་གནོང་མཁན་དང་ཐ་ན་དོགས་བློ་སྐྱེ་མཁན་ཡང་ཉིན་སྐར་ཙམ་ཡིན་པ་འདི་ཅི་གོ། ད་རུང་མི་རེ་རེའི་གདོང་བ་དམར་ཙིག་ཙིག་ལྟོ་བ་རྒྱགས་ལྷུག་ལྷུག རྣམ་འགྱུར་ཧྲིལ་པོར་མི་རབས་རྗེས་མར་བདེ་སྐྱིད་ཟེར་བ་དེ་བསྐྲུན་གྱིན་ཡོད་སྙམ་པའི་རྒྱལ་ཁའི་བཟི་མདངས་ཤར་ཡོད་པ་འདི་ཅི་གོ། དེ་ལྟར་མུ་རུའི་རྡོ་སོལ་བསྔོག་བརྐོ་ནི། མདོ་དབུས་མཐོ་སྒང་མཚོ་ཆེན་ནས་སྐམ་སར་བྲི་རྗེས་ཀྱི་ལོ་རྒྱུས་རིང་མོའི་སྟེང་བྱུང་མྱོང་མེད་ལ། དཔལ་འབྱོར་ཡར་སྤེལ་གྱི་གསེར་ཁུ་འོད་ཁྱུག་ཁྱུག་འབྱུག་ཡོད་པའི་རྐུ་འཕྲོག་བཅོམ་གསུམ་གྱི་ལས་ནག་བློ་ཡིད་ལ་ཤོང་དཀའ་བ་ཞིག་རེད་ཅེས་བདག་གིས་སྨྲ་བར་སྤོབས། དེ་བས་རང་ག་བའི་ཡི་གེ་དང་སྤྱིར་བཏང་བའི་སྐད་ཆས་ཕ་ཡུལ་ལམ་མིའི་རིགས་ཀྱི་སྐྱོ་གར་འདི་མཚོན་ཐབས་མེད་པས་འདིར་གླེང་རྩིས་ཀྱང་མེད།
དེ་རིང་འདི་ནས་བརྗོད་འདོད་པ་ནི། ལྟོས་བཅས་ཀྱིས་ཁ་རལ་སྣ་ཆད་དུ་བཏང་བ་ཅུང་ཉུང་བའི་པུ་ཧའི་སྤང་གཞོང་ཆེན་མོ་ཡིན། དེ་ནི་ཐེམ་ཆེན་རྫོང་མཁར་ཆགས་ས་རེད་ལ་མང་མང་གིས་རྟ་མཆོག་གི་ཕ་ས་ཞེས་ཡིན་མདོག་ཁ་པོ་བྱེད་ས་དེ་ཡང་རེད། འདིར་འཕྲོས་ཏེ་ཅུང་ཞིག་བཤད་ན། རྟ་མཆོག་གི་ཕ་ས་ཟེར་དུས་དོན་དུ་རྟ་རྒྱུག་ར་བ་ཙམ་ཡོད་པའམ། ཡང་ན་བཞོན་རྟ་ལ་དགའ་བོ་བྱེད་མཁན་ཁྱུ་གཅིག་ཡོད་པར་ལྟོས་པ་ཞིག་མ་རེད། དེ་ནི་ལོ་རྒྱུས་རང་བཞིན་ལྡན་པའི་རྟ་རྒྱུད་དང་དེས་མཚོན་པའི་རིག་གནས་ཀྱིས་ཐག་གཅོད་དགོས་པ་ཞིག་རེད་སྙམ། དཔེར་ན་རྨ་ལྷོ་སོག་རྫོང་ངམ་ཀན་ལྷོ་རྨ་ཆུའི་རྟ་རྒྱུད་དང་དེ་འབྲེལ་གྱི་ལོ་རྒྱུས་ལྟ་བུ་ལ་རག་ལས། དེ་བས་འ་ཅག་གིས་ཞྭ་མོ་ཟུར་གོན་ཞིག་བྱས་ཏེ་ང་ཚོ་རྟ་མཆོག་གི་ཡུལ་གྲུ་ཡིན་ཞེས་ལབ་འདྲ་མོ་རྒྱག་དུས། དོན་དུ་གཞན་གྱི་བལྡད་འཕྲོ་དམུར་པ་ལྟ་བུའི་ལད་ཟློས་ན་མེད་པ་མ་རེད། དེ་བས་ཅི་ལྟར་བྱས་རུང་ནམ་ཡང་ཨང་གཉིས་པ་མ་གཏོགས་འཐོབ་སྲིད་ས་མ་རེད། ད་དུང་རྟ་ཕོ་ནི་སོག་པོའི་རིག་གནས་ཀྱི་མཚོན་བྱེད་དུ་འགྲོ་བས་ན། རང་ཉིད་དེ་དང་བཙན་གྱིས་སྦྱོར་བ་ནི་རང་གི་ཆད་ཁུངས་ཀྱང་ཤེས་ཀྱིན་མེད་འདྲའི་སོམ་ཉི་ཡང་ཆེ། དེར་བལྟས་ན་ནོར་ནག་གི་ཡུལ་གྲུའམ་འབྲོང་གི་ཕ་ས་སོགས་སུ་གདགས་པ་ཡིན་ན། འབྲོག་རུ་རིག་གནས་སམ་སྦྲ་གཞིས་རིག་གནས་ཀྱི་མཚོན་བྱེད་དུ་ཡང་འགྲོ་བས་མིང་དོན་གཉིས་ཀ་གའུ་ཁ་སྦྱོར་དུ་འཕྲོད་ཐུབ་སྙམ།
བརྗོད་དོན་ཕྱིར་རྩོམ་གཞིར་འབེབས་པར་བྱེད། དེ་ཡང་ལབ་ཙེ། བསང་ཁྲི། དཔའ་མཁར། རྡེའུ་འབུམ། དར་ལྕོག རླུང་རྟ་སོགས་ཆོས་ལུགས་བརྡ་ཆད་དམ་རིག་གནས་རྟགས་མཚན་ནི། བོད་ཡུལ་ས་ཕྱོགས་གཞན་པ་ཇི་བཞིན། ངའི་ཕ་ཡུལ་བོང་སྟག་གི་ས་ཆ་ནས་ཀྱང་གང་སར་མཐོང་ཐུབ། སྔོན་ཐོན་མི་རིགས་སྐད་པ་ཚོས་རྨོངས་དད་དུ་འཛིན་གྱིན་ཡོད་པའི་མཚན་བྱ་མཚོན་བྱེད་འདིས་ནི། བསྐྱུངས་པའི་ཚུལ་གྱིས་རང་ཉིད་ལ་ས་འབུ་མགོ་ནག་ཏུ་འབོད་པའི་འ་ཅག་བོན་ནམ་བོད་ཀྱིས། མི་ཤིགས་རྡོ་རྗེའི་རླུང་གིས་འཚོ་བའི་གོ་ལ་འདིའིཨ་མདོ་བྱམས་པའི་ཚིགགནམ་ཉི་ཟླ་རླུང་སྤྲིན། ས་རི་ཆུ་ནགས་མའི་བཀོད་པ་ཀུན། སེམས་ཅན་སྤྱི་མཐུན་གྱི་ཚོགས་བསགས་བསོད་ནམས་སུ་བསྒོམ་ལ། དེའི་འཇིགས་ཟིལ། མཛེས་བྱིན། བརྗིད་ཉམས། གཡེར་བག  གཟི་མདངས་སོགས་ལ། རྣམ་ཀུན་གདོང་བ་ཡར་འཁོར་ཏེ་དད་འདུན། དྲིན་གཟོ། ཡིད་ཕེར། སྐྱབས་བཅོལ། རེ་གསོལ། གདུང་འབོད་སོགས་བྱེད་ཀྱིན་ཡོད་པ་མཚོན་པ་རེད། དེ་ལྟ་དེ་ལྟར་འ་ཅག་བོད་ནི་དེང་སྐབས་མི་རྣམས་ཤོད་རྒྱུར་དགའ་བའི་སྐྱེ་ཁམས་དོ་མཉམ་ཟེར་བ་དེར་ཆེས་འཕྲོད་པའི་མི་རིགས་ཤིག་ཡིན་ཞེས་བདག་གིས་ང་རྒྱལ་གྱིས་སྨྲ།
    ཕྱིར་དྲན་བྱས་ན། སྔོན་ཆད་དབྱར་ངོགས་སུ་གཏེར་ལེན་ཁ་ནས་ཕྱིར་ཕ་ཡུལ་བོང་སྟག་ཏུ་ལོག་ཐེངས་རེར། ཉག་ཕྲན་གཡུ་ལྟོང་འདྲ་བའི་བཀའ་འགྱུར་ཉག་ག་ཞེས་པ་དེ་ནས་འབུད་ཐེངས་རེར། བདག་གི་མིག་ལམ་དུ་རྒྱ་ཆེར་ཐར་དུ་གཅད་དེ་ཡོང་བ་ནི། ལོ་རྒྱུས་སྟེང་མདོ་སྨད་གཡེར་མོ་ཐང་དུ་གྲགས་པའི་པུ་ཧའི་སྤང་གཞོང་ཁ་འབྱམས་ཁོད་ཡངས་པ་དེ་ཡིན། གཡུ་ལོ་བཀོད་པའི་ཞིང་ཁམས་སྐད་པ་དེའི་བར་སྣང་དང་ཁོང་གསེང་ན་ཅི་ཡོད་བློས་བསླངས་བྱ་དཀའ་རུང་། མཐིལ་དང་ཡོལ་གྱི་མཛེས་སྡུག་ནི་འདི་ལས་འགོངས་མི་ཡོང་སྙམ་པའི་ཉམས་ཚོར་རང་དབང་མེད་པར་སྟེར་ཡོང་།
    འོན་ཏེ་ཉིན་འགའི་སྔོན། སྔོན་ཆད་ལྟར་སྒུག་བཟོད་མེད་པའི་འདུན་པ་དྲག་པོ་དང་བཅས་བདག་བཀའ་འགྱུར་ཉག་ཁར་འགོས་ཡོང་དུས། བག་ཆགས་ཁྲོད་ཀྱི་རི་བོ་བྲག་དཀར་ཐེམ་ཆེན་གྱི་རི་རྒྱུད། མདོ་ལ་རིང་མོ། ཉི་ཟླ་རི་རྒྱུད་གསུམ་གྱིས་སྒྱེད་པུའི་འཛུགས་གསུམ་ཇི་བཞིན་བསྐལ་བའི་བར་སྤྲིན་དང་སྨུག་པའི་གསེབ་ཏུ་བཏེགས་ཡོད་པའི། རྒྱ་ཆེ་བའི་མརྒད་ཀྱི་གསོལ་དཀར་འཁྲུངས་གཤོག་ལྡེམ་པ་ལྟ་བུའི་བོང་སྟག་པུ་ཧའི་སྤང་གཞོང་དེ། གློག་གི་སྡོང་བོའི་ལྕགས་ཀྱི་ནགས་མ་སྐྱི་གཡའ་བ་ཞིག་ཏུ་བསྒྱུར་ཡོད་པ་མིག་ནང་དུ་ཟུག་ཡོང་། དེ་ལས་ངའི་རྩོམ་འདིའི་ཁ་བྱང་སྟེ། དམྱལ་བའི་ཟུར་ཞིག་ཞེས་པའི་ཡི་གེ་འཆི་ལྟས་དང་བམ་ཁྲག་གི་དྲི་མ་འཐུལ་ལེ་བ་དེ་དག་ཤོག་ངོར་བརྣག་ཡོང་བ་ཡིན།
    གློག་སྡོང་དེ་དག་རེ་རེའི་མཐོ་ཚད་ལ་ཕལ་ཆེར་འདོམ་པ་ཉུ་ཤི་ནས་སུམ་ཅུ་ཡོད་ལ་རྩེ་མོའི་ཞེང་ཆེ་ས་ན་ཕལ་ཆེར་འདོམ་པ་བཅུ་ནས་བཅོ་ལྔ་འདུག ལྕགས་སྡོང་རེ་རེའི་བར་ཚད་ན་གོམ་པ་ལྔ་བཅུ་ཙམ་ལས་མི་འདུག དེ་ལྟ་བུའི་གྲལ་བསྟར་བཅུ་གྲངས་སུ་ལོངས་པའི་ལྕགས་སྡོང་གི་ཚལ་གྱིས་འཁུར་བའི་གློག་སྐུད་སྐྱ་མ་བརྒྱ་ཕྲག་ཏུ་ལོངས་པ། ཐད་ཐུར་འཕྲེད་གཞུང་བསྣོལ་མའི་ངང་ས་ཁེབས་ཁེབས་ཐང་བརྡུབ་བརྡུབ་ཏུ་བརྡལ་འདུག རྒྱང་རིང་ནས་བལྟས་ན། ལྕགས་ཀྱི་གློག་སྡོང་དེ་དག་ལ་སྦོམ་ཞིང་ཟླུམ་པའི་ཕྲག་ཟུང་དང་། མགྲིན་པ་མེད་པར་ཕྲག་ཁས་སུ་སྦྱར་ཡོད་པའི་ཧོམ་ཁུང་ལྟ་བུའི་ཟུར་གསུམ་གྱི་མགོ་བོ་ཆ། གསའ་ཚིགས་སུ་སོང་ལ་རིང་ཞིང་སྦོམ་པའི་རྐང་པ་སོགས་འདུག་པས། རིམ་བཞིན་མི་ཡི་སེམས་ལ་གདོན་འདྲེ་ཟེར་བ་དེ་ཀན་མིན་ན་ཅི་ཡིན་སྙམ་པའི་དངངས་ཚོར་ཞིག་སྟེར་ཡོང་།
    འ་ཅག་བོད་ལ་འདི་ལྟའི་ཆོས་ལུགས་ཀྱི་ཤོད་ཚུལ་ཞིག་ཡོད། དེ་ཡང་སྙིང་ལ་ན་བའི་མཛའ་མོ་ཡི་ཕྱིར། ཚེ་འདིར་ལྷ་ཆོས་དཀོན་མཆོག་བློས་གཏོང་བ་ཡིན་ན། ཅི་སྟེ་སྐྱེ་བོ་དེ་ཚེ་འཕོས་རྗེས། སྐྱེ་བ་སྔོན་གྱི་ལས་ཀྱིས་དེད་དེ་རྣམ་ཤེས་འཁྱམས་པོ་དེ་དམྱལ་བའི་ཡུལ་དུ་ཤུགས་ཀྱིས་འཕུར་ལ་དེ་ལས་ཀྱང་རི་རྩེ་མཐོ་ས་ཞིག་ཏུ་འབབ་རབས། དེར་ཡིད་དུ་དགའ་བའི་རི་ངོས་ཀྱི་ཚང་ཚིང་ལྗོན་གསེབ་ནས་མར་རི་གཤམ་དུ་བལྟས་ན། དྲན་པ་བློ་ཡིས་མི་ཆོད་པའི་འཇིག་རྟེན་མི་ཡུལ་གྱི་མཛའ་མོ་དེ་ལུང་གཞུང་ག་ཤེད་ན་ཡོད་པ་མཐོང་ཐུབ་སྐད། གནས་སྐབས་འདི་འདྲར་ཚེ་སྔོན་ལན་ཆགས་ཀྱི་རྐྱེན་གྱིས། སྐྱེ་བོ་དེའི་ཁོག་ལ་འདོད་དང་ཆགས་པའི་ཆར་རླུང་དང་དྲན་དང་གདུང་བའི་ཆུ་བོ་རབ་ཏུ་དྲག་ཏུ་འཁོལ་ཏེ་སྒུག་བཟོད་མེད་པར་རྩལ་དང་ཤུགས་ཀྱིས་རི་ནས་འབབ་པར་རྩོམ། ཏག་ཏག་མཚམས་འདིར་ལས་ཀྱི་རྡེའུ་ནག་པོས་ཁོ་པར་སྔོན་ན་སྐུང་སྟེ་བསྒུག་བསྡད་ཡོད་པ་རེད། དེ་ཡང་ཁོ་རང་བྱ་སྒྲོ་རླུང་ཁུར་བཞིན་ལྷུང་སའི་རི་བོ་བདེ་འབོལ་ལེ་བ་དེ་སྐད་ཅིག་ཉིད་དུ་སྟ་གྲི་ངར་མའི་དངོ་རུ་འགྱུར། དེ་སྔོན་གྱི་ལྗོན་པ་དེ་དག་ཀྱང་ལྕགས་ཀྱི་ཤལ་མ་ལི་རུ་འགྱུར་ལ་རྣོ་ཞིང་གཟིངས་རིང་བའི་རྩེ་མོ་བགྲང་ལས་འདས་པ་རི་ངོས་གྱེན་དུ་འཁོར་ཏེ་འཛིང་ཡོང་བས། སྐྱེ་བོ་དེའི་ལུས་ཡོངས་ཁྲོལ་ཚགས་བཞིན་ཡང་དང་བསྐྱར་དུ་འབིགས་ཤིང་བརྟོལ་བར་བྱེད། ཁོས་དེ་དག་ལ་མ་འཛེམས་པར་ལ་ངོས་ཐུར་དུ་བརྒྱུག་རུང་། དེ་སྔོན་རི་ཤོད་ན་ཡོད་པའི་སྙིང་ཐུབ་སྲོག་གི་ཕྱེད་ཀ་དེ་སླར་ཡང་རི་རྩེར་ཡོད་པའི་མིག་འཁྲུལ་འབྱུང་ཡོང་། ཁོས་ཡང་བསྐྱར་སྲོག་བསྡོས་ཀྱིས་རི་རྩེར་འགོ་བར་རྩོམ་ཚེ། ལྕགས་ཀྱི་ཤལ་མ་ལི་དག་གི་རྣོ་རྩེ་སླར་ཡང་མར་འཁོར་ཏེ་ཁོའི་ལུས་ལ་རྨ་དང་བུ་ག་བགྲང་ལས་འདས་པ་འཇོག་སྐད།
    བདག་གིས་བཤད་འདོད་པ་ནི། བཀའ་འགྱུར་ཉག་ཁས་ནས་མིག་རྒྱང་གློད་ན། ངའི་མིག་ལམ་དུ་ཚེ་སྔོན་ལས་ཀྱི་མཛའ་མོ་སྟེ་ངའི་ཕ་ཡུལ་བོང་སྟག་རྩྭ་ཐང་མཐོང་ལ། དེར་མཐུད་དེང་རབས་ཅན་གྱི་གློག་སྐུད་ཀྱི་དྲ་རྒྱ་དང་གློག་སྡོང་གི་ནགས་མས། ངའི་ཕ་གཞིས་འདིའི་གདོང་བའི་ཕྱེད་ཀར་ལྕགས་ཀྱི་ཚ་ལ་དང་རྣོ་ཡི་ཤན་སྦྱོར་བྱས་འདུག་ཟེར་བ་དེ་ཡིན།  དེ་ནི་ངའི་གཞིས་ལྡོག་ལམ་ན་འཛིང་ཡོད་པའི་ལྕགས་ཀྱི་ཤལ་མ་ལིའི་ལས་མཁན་ཡིན་ནམ། དེ་ནི་ངའི་ཡི་གེའི་འགྲུལ་ལམ་ན་འཁྲིགས་ཡོད་པའི་ལྕགས་ཀྱི་ཤལ་མ་ལིའི་གཤིན་འཕྲང་ཡིན་ནམ།
    བདག་ནི་ཨ་རིའི་ཨ་མེ་ཤེ་པ(阿米绪人)བཞིན་ཚན་རིག་དང་དུ་མི་ལེན་མཁན་ཞིག་ལར་ནས་མིན། བསམ་བློ་བཏང་ན། ལྕགས་ཀྱི་དམག་དཔུང་ནུབ་ཏུ་བསྐྱོད་པ་ལྟ་བུའི་བཟོ་སྐྲུན་འདིས། སྟོད་ཉི་མ་ལྷ་སའི་བོད་གྲོང་ཞིག་དྲོད་དུ་བསྐྱིལ་ཡོད་སྲིད་ལ། ཤར་ཏུར་ཀི་སི་ཐན་གྱི་སྲང་ཤུར་ཞིག་འོད་དུ་བཀར་ཡོད་ཀྱང་སྲིད། དེ་ནི་མིའི་རིགས་ཀྱི་ལྟོས་བཅས་ཀྱི་བདེ་སྐྱིད་ཅིག་མ་རེད་ཅེས་ཤོད་ཐུབ་མཁན་ཡང་ཡོད་སྲིད་པ་མ་རེད། བདག་གིས་བཤད་འདོད་པ་ནི་ཚན་རིག་ཅེས་པ་དེ་དངོས་ནས་བདེན་པའི་གནས་ལུགས་ཤིག་ཡིན་ན། འཛུགས་སྐྲུན་ཟེར་བ་དེ་དངོས་ནས་འགྲོ་བ་མི་ཡི་མ་འོངས་ལོ་ཟླ་རིང་མོར་བསམ་བློ་གཏོང་མཁན་ཞིག་ཡིན་ན། ལྗང་བུ་ལགས་ཀྱིས"ནངས་མ་ཁང་གཅིག་པུ་ང་ལ་འཇོག་རོགས"ཟེར་བ་ལྟར། བདག་གིས་ཀྱང་། སྤང་ལྗོངས་ལག་མཐིལ་ཙམ་པོ་འདི་ང་ལ་འཇོག་རོགས་ཅེས་ཡང་དང་ཡང་དུ་ཤོད་ན་འདོད།

མ་སངས་ཡ་རུ་ཁ་ཁྲ་སྐར་མར་གྱུར།
རྔོན་པ་ཧེ་ལི་པུ་ནི་རྡོ་བར་སྐགས།
ལྷ་སྒྲུང་ངག་གི་རྒྱུན་ཐག་བློས་མི་དཔོག
འོན་ཏ་ནེའུ་གསིང་གཡུ་ཡི་ཞུན་ཐང་འདི།
མངོན་སུམ་ལྕགས་ཀྱི་ཚལ་དུ་བསྒྱུར་བ་འདིས།
གསོན་བཞིན་འདྲེ་གཏམ་རིང་མོར་ཡོད་ཡོད་འདྲ།
ཉི་ཤར་སྒང་ལ་གཤེད་ཚོགས་གཅེར་རྒྱུག་འདྲ།


༢༠༡༡ལོའི་ཟླ༨པའི་ཚེས༡༣ཉིན།

No comments:

Post a Comment