Sunday 18 October 2015

ཆུ་སྒྲ་ཤག་ཤག

དོ་ནུབ། བཞུད་ཀྱིན་པའི་བརྩེ་སྒྲུང་དེས་མི་སེམས་རྨང་ནས་དཀྲོགས་སོང་། ང་རང་ཕྱིར་འདང་ལ་ཆས་ནས། ཆུ་མོ་ཤག ཤག་གི་བཞུར་སྒྲ་དེར་ཉན་པ་ཡིན། ཟ་ཟིའི་འཁུན་སྒྲ་དེའང་དོ་ནུབ་ད་དུང་འགུལ་གྱིན་འདུག ... ...

དོ་ནུབ། ང་ཡི་མགོ་བོ་འདི་སུ་ཡི་པང་ལ་བསྙེས་ནས། ལེ་འདེད་དང་འཁང་ར་རྒྱག་ཚད་ཅིག་ཤོར་བ་དྲན་གྱི་འདུག ད་དུང་ངག་མི་སྨྲ་བའི་མཛེས་ཀོང་དང་ལག་ཟུང་ཆུང་ཆུང་དེས་ང་ལ་བྱམས་པོ་གནང་གི་འདུག ལུས་སེམས་ལ་བྱམས་པོ་གནང་གི་འདུག

དོ་ནུབ། ད་དུང་ཆུ་མོ་ཤག་ཤག་ཏུ་བཞུར་རམ། དེས་ན། ཁྱོད་རང་ཁེར་རྐྱང་ཏུ་དེ་རུ་གྲང་གི་མེད་དམ། ལུས་སེམས་ལྷོད་ལ་མ་ཕོབ་པའི་མཚན་མོ་དང་ཟླ་འོད། སྐར་ཚོམ་འདར་བར་བྱས་པའི་སྐྱོ་ངལ་དང་དབུགས་རྒྱུན་དེའང་། སྟོན་རླུང་གིས་བསྡུས་པའི་ལོ་མ་དམར་བོ་དེ་དག་ཡིན་དོན་མི་འདུག

དོ་ནུབ། ང་རང་སྟོན་འཇུག་གི་མེ་ཏོག་རྐང་གཅིག་དེ་ཡིན་ནམ། ཡང་ན། ཁྱོད་ཉིད་རྐང་རྗེས་ཀྱིས་མ་མནོལ་བའི་ཁ་བའི་ཡུལ་ལྗོངས་དེ་ཡིན་ནམ།

དོ་ནུབ། ཆུ་སྒྲ་ཤག་ཤག ལོ་མ་དམར་བོའི་ཚོགས་ཀྱང་ཕྱི་རོལ་ན་རླུང་བུས་ཤག་ཤག་འདེད། ད་གཟོད། ངས་ང་ཡི་ཁོར་ཡུག་ན་རླུང་བུ་བཙན་པ་ཚོར་གྱིན་འདུག ཡིན་ནའང་། ཆུ་སྒྲ་ཤག་ཤག་འདིས་ང་རང་སེམས་ཀྱི་དབྱར་ལྗོངས་ལ་བསྐྱལ་ཞིང་། མེ་ཏོག་གི་དྲ་ཞིམ་སྣོམ་པར་བྱེད།

༡༥།༡༠།༢༠༡༥

No comments:

Post a Comment