Sunday 24 May 2015

སྙན་ངག་པ་རྩེ་སྐར་ལགས་ལ་བཅར་འདྲི།

 "འདིར་རྩོམ་པ་པོ་ཡིན་ཟེར་མཁན་མང་པོ་ཞིག་ལ་གཞན་ལ་གསེག་འདྲི་དང༌། རྒོལ་སློང༌། དམའ་འབེབས། རང་ལྟ་མཆོག་འཛིན་གྱི་ཁེངས་སེམས་དང་ང་རྒྱལ་བཅས་ཀྱི་སྣང་བ་ཞིག་རང་ཤུགས་ཀྱིས་འཇགས་ནས་ཡོད་པའི་སྣང་ཚུལ་ཞིག་མཐོང༌། གནད་དེ་ནི་འདིར་ང་ཚོ་ཕྱི་སྡོད་པ་ཚོའི་ཁྲོད་ཁོར་ཡུག་ལ་དཔག་སྟེ་མིག་དཔེ་བལྟ་སའི་རྩོམ་པ་པོ་ཚད་ལྡན་གྲས་ཀྱི་དཔུང་ཁག་གམ་སྣེ་ཁྲིད་མེད་པར། དུས་རྒྱུན་ཚགས་དེབ་དང་དྲ་ངོས་བཅས་སུ་རྩོམ་ཡིག་རེ་འབྲི་མཁན་ཚོའི་གྲས་སུ་ཤེས་ཡོན་གྱི་ཆ་ནས་སློབ་སྦྱོང་གི་བརྒྱུད་རིམ་ངེས་ཅན་ཞིག་མེད་སྟབས། རང་རྒྱུད་ལ་ཤེས་བྱ་ཡོན་ཏན་ཅི་ཡང་འཇགས་མེད་པར་རང་ཉིད་ཀྱི་བསམ་བློ་དང་ཀུན་སྤྱོད་སོགས་འདུལ་གཅུན་ཐུབ་མེད་པ་དང༌། དེ་མཚུངས་རྩོམ་ཡིག་འབྲི་བའི་ཚད་གཞིའང་རིམ་པ་ངེས་ཅན་ཞིག་ལ་སླེབས་མེད་ནའང༌། ཕྱི་རོལ་གྱི་ཁོར་ཡུག་ཆུང་ཆུང་འདིར་བསྟུན་གྱིས་རྩོམ་ཡིག་ཙམ་ཞིག་འབྲི་ཤེས་པ་དེས་རང་ཉིད་རྩོམ་པ་པོ་ཞིག་ཡིན་མདོག་གི་ཁེངས་སེམས་ཆེན་པོ་ཤིག་བཟུང་སྟེ། བསམ་བློ་གཏོང་མི་ཤེས་པ་ལྟ་བུའི་དཀྱུས་མའི་བསམ་སྤྱོད་དེས་ང་རྒྱལ་དང་ཁེངས་སེམས་ཀྱིས་གཞན་ལ་གསེག་འདྲི་དང་དགག་རྒྱག འཕྱ་སྨད་སོགས་ཀྱི་ཚིག་སྣེ་རྐྱང་རྐྱང་ལ་འཇུས་ནས་ཡོད་པ་དེས་ཤན་ཤུགས་ཀྱིས། གསར་དུ་རྩོམ་ཡིག་འབྲི་བར་ཕྱོགས་མཁན་མང་པོ་ཞིག་གི་བསལ་བློ་ལའང་ཕོག་ཐུག་བཏང་སྟེ། ཕན་ཚུན་དགག་རྒྱག་དང་དམའ་འབེབས་བྱེད་པའི་འཐེན་འཁྱེར་གྱི་སྤྱོད་ཚུལ་དེ་ལ་རང་ ཤུགས་ཀྱིས་ཞུགས་དགོས་པ་ཞིག་ཆགས་ཀྱི་ཡོད་པ་རེད་བསམ།"
དྲི་བ། སྙན་ངག་པ་རྩེ་སྐར་ལགས་ཁམས་བཟང༌། གཤམ་དུ་ཁྱོད་ཀྱིས་རང་ཉིད་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས
 ལན། ཁམས་བཟང༌། ང་ལྟ་བུ་ཞིག་ལ་སྙན་ངག་པ་ཟེར་བའི་མིང་འདི་བཏགས་ན་མི་འོས་པ་ཞིག་རེད། སྙན་ངག་པ་ཞིག་ཡིན་ན་མིང་དེའི་ཚོད་ཀྱིས་དོན་ལའང་རང་ཉིད་ཀྱིས་བྲིས་པའི་སྙན་ངག་གི་ཚད་གཞི་རིམ་པ་ངེས་ཅན་ལ་སླེབས་དགོས་པས། ང་ལ་མཚོན་ན་རང་ཉིད་དགའ་ཕྱོགས་ཀྱིས་རྩོམ་ཡིག་ཐར་ཐོར་རེ་འབྲི་ཁུལ་བྱེད་བཞིན་པ་ལས་དོན་ལ་སྙན་ངག་པ་ཞིག་གང་ནས་ཡིན། དེང་སྐབས་ང་ཚོའི་སྤྱི་ཚོགས་ནང་མཁས་དབང་དང་སྙན་ངག་པ་ཟེར་བའི་མིང་འདི་ཕ་རོལ་པོའི་ཤེས་ཡོན་གྱི་ཚད་གཞི་ལ་མ་བལྟས་པར་བཏགས་ཆོག་ཆོག་གིགོམས་གཤིས་ལྟ་བུ་ཞིག་འཇགས་ནས་ཡོད་པ་དེ་མི་འགྲིགས་པ་ཞིག་རེད་བསམ་ཡོད། དགོངས་དག་འབྲེལ་མེད་འཕྲོས་བཤད་ཀྱི་སྐད་ཆ་མང་དྲགས་སོང༌།

ངའི་མིང་ལ་བློ་བཟང་རབ་རྒྱས་སམ་འགར་ཚེ་རྒྱལ། སྨྱུག་མིང་ངམ་དྲ་མིང་ལ་རྩེ་སྐར་ཟེར། རྨ་ལྷོ་ཁུལ་རྩེ་ཁོག་རྫོང་འགར་རྩེ་རྡོར་ཐང་ཚོ་བའི་འབྲོག་ཁྱིམ་དཀྱུས་མ་ཞིག་ནས་སྐྱེས་ཤིང༌། ཕ་ཡུལ་དུ་སློབ་ཆུང་ནས་སློབ་འབྲིང་བར་སློབ་གྲྭར་འགྲིམས་མྱོང༌། ཕྱི་ལོ་༡༩༩༦ལོར་རྒྱ་གར་དུ་ཡོང་ནས་ཅི་ཡང་མི་འཇོན་ནའང་མུ་མཐུད་དུ་རང་ཉིད་དགའ་ཕྱོགས་ཀྱི་སྣེ་མོར་འཇུས་ནས་བོད་རང་གི་རིག་གནས་ཀྱི་ཕྱོགས་ལ་གཞོལ་བའི་ལས་འདི་མ་བཏང་བར་ཡོད། ཕྱི་ལོ་༢༠༠༤ལོར་ནོར་གླིང་ཉམས་ཞིབ་ཁོངས་སུ་འཛུལ་ཞུགས་བྱས། ༢༠༠༥ལོ་ནས་ནོར་གླིང་ཉམས་ཞིབ་ཁོངས་སུ་ནོར་ལྡེ་ཚགས་པར་གྱི་རྩོམ་སྒྲིག་པ་བྱས་ཏེ་ད་ལྟའི་ཆར་ཡང་མུ་མཐུད་མཇུག་སྐྱོང་བཞིན་ཡོད་ལགས།
དྲི་བ།   ལགས་སོ་བཀའ་དྲིན་ཆེ། དེ་ནས་ཁྱོད་རང་རྩོམ་འབྲིའི་ལས་ལ་ཞུགས་པའི་རྒྱུད་རིམ་ནང་ཀྱག་ཀྱོག་གི་དཀའ་ངལ་ཕྱོགས་ནས་ཁ་བརྡ་ཞིག་བྱེད་རོགས།
ལན།བོད་ནང་གི་རྩོམ་པ་པོ་མང་པོ་ཞིག་གིས་དུས་དེབ་དང་ཚགས་པར་སྟེང་རྩོམ་ཡིག་འབྲི་བར་ཕྱོགས་པའི་རྣམ་འགྱུར་དང་སྤྲོ་སྣང་དེས། ང་ལ་སློབ་ཆུང་སྐབས་ནས་རྩོམ་ཡིག་འབྲི་མི་ཤེས་ནའང་རྩོམ་ཡིག་ཀློག་པར་སྤྲོ་བའི་གོམས་གཤིས་ཤིག་ཆགས་པ་མ་ཟད། རྩོམ་ཡིག་ཅིག་འབྲི་ཤེས་ན་ཅི་མ་རུང་སྙམ་པའི་བསམ་བློ་ཞིག་ངང་གིས་སྐྱེ་རུ་བཅུག་སྟེ། སྦྲང་ཆར་དང་མང་ཚོགས་སྒྱུ་རྩལ་སོགས་བོད་ནང་གི་དུས་དེབ་དང་ཚགས་པར་ཁག་ལ་དུས་རྒྱུན་བལྟ་ཀློག་བྱེད་བཞིན། རང་ངོས་ནས་ཀྱང་གཞན་གྱི་ལད་ཟློས་ལྟ་བུའི་རྩོམ་ཡིག་རེ་འབྲི་ཁུལ་བྱས་མྱོང༌། སྐབས་དེར་གཅིག་ནས་ད་སྐབས་ནང་བཞིན་རྩོམ་ཡིག་གང་ཞིག་ཡིན་ན་ཚགས་དེབ་སྟེང་བཀོད་ཆོག་ཆོག་མིན་པར། རྩོམ་སྒྲིག་པས་ཞིབ་རྟོག་གཟབ་ནན་གྱི་སྒོ་ནས་བདམས་གསེས་ཀྱིས་རྩོམ་ཡིག་ཚད་ཐུབ་རྐྱང་རྐྱང་འགོད་ཀྱི་ཡོད་པ་དང༌། གཉིས་ནས་ང་ལ་མཚོན་ན་སློབ་ཆུང་སྐབས་ཀྱི་ཤེས་ཚད་དེ་ཙམ་ཞིག་གིས་ཚགས་པར་དང་དུས་དེབ་སྟེང་བཀོད་ཆོག་པའིེ་རྩོམ་འབྲིའི་ཆུ་ཚད་ལ་སླེབས་ཐུབ་མེད་སྟབས། ངའི་བྲིས་པའི་རྩོམ་ཡིག་ཚགས་པར་དང་དུས་དེབ་སྟེང་གང་ནས་འཚམ། ད་ཆ་བསམ་བློ་ཞིག་བཏང་ན་ངོ་མས་སྟོང་བསམ་རང་རེད། སྐབས་དེར་སྟོང་བསམ་དེ་འདྲ་ཞིག་གི་འོག་རྩོམ་ཡིག་ཡག་པོ་ཞིག་མི་འཁྱོངས་པའམ་རང་གི་འདོད་པ་ནང་ བཞིན་མི་ཡོང་བས། དུས་རྒྱུན་བློ་ཕམ་སྐྱེས་མྱོང་བ་དེ་ང་རང་ཐོག་མར་རྩོམ་འབྲིའི་ལས་ལ་ཞུགས་པའམ་རྩོམ་ཡིག་འབྲི་ན་འདོད་པའི་སྐབས་ཀྱི་དཀའ་ངལ་རེད་ཟེར་ཆོག སྐབས་དེ་དག་ཏུ་བོད་ནང་གི་རྩོམ་པ་པོ་རྣམས་རྩོམ་ཡིག་འབྲི་བར་ཕྱོགས་པའི་ཁོ་ཚོའི་སྤྲོ་སྣང་འཁྱིལ་བའི་རྣམ་འགྱུར་དང་ལངས་ཕྱོགས་དེས་ང་ཡང་རྩོམ་རིག་ལ་དགའ་བའི་བསམ་བློ་ལྷོད་དུ་མ་བཅུག་པར་སེམས་ལ་བག་ཆགས་ཟབ་མོ་ཞིག་བཞག་སྟེ། སློབ་སྦྱོང་གི་ཞོར་ནས་ཨུ་ཚུགས་བརྒྱབ་ནས་མུ་མཐུད་རྩོམ་ཡིག་རེ་འབྲི་ཁུལ་བྱས་པས། སྐབས་ཤིག་ངའི་རྩོམ་ཡིག་རེ་གཉིས་ཤིག་ཚགས་པར་དང་དུས་དེབ་སྟེང་བཀོད་ཐུབ་པ་བྱུང་བས་ང་ལ་ཧ་ཅང་གི་དགའ་ཚོར་ཆེན་པོ་ཞིག་སྐྱེས་ཏེ། རྩོམ་ཡིག་འབྲི་བའི་ལས་ལ་སྔར་ལས་སེམས་ཤུགས་དང་སྤྲོ་སྣང་ཞིག་སླེབས་སོང༌། ཡིན་ནའང་སྟོང་བསམ་དེ་བོད་ནང་དུ་མངོན་འགྱུར་བྱུང་མ་ཐུབ་པར་སྐབས་ཐོག་དེར་ང་རྒྱ་གར་དུ་ཡོང་བཞག་པ་རེད། རྒྱ་གར་དུ་ཡོང་ནས་ཀྱང་ང་རང་རྩོམ་རིག་ལ་དགའ་སྣང་ཡོད་པ་དེའི་དབང་གིས་ད་ལྟའི་བར་རྩོམ་ཡིག་འགའ་རེ་འབྲི་ཁུལ་བྱས་ནའང༌། ཕྱི་རོལ་ཡུལ་གྱི་ཁོར་ཡུག་དང༌། ང་ཚོ་ཕྱི་སྡོད་བོད་པའི་སྤྱི་ཚོགས་ཁྲོད་ཀྱི་རྩོམ་པ་པོ་རྣམས་ཀྱི་རྩོམ་ཡིག་གི་ཚད་གཞི་དང༌། རྩོམ་འབྲིའི་བསམ་བློའི་ཀུན་སྤྱོད་ཀྱི་ཆ་སོགས་ནས་ང་ལ་བོད་དུ་ཡོད་པ་ནང་བཞིན་གྱི་རྩོམ་ཡིག་འབྲི་བར་སྤྲོ་བའི་སྤྲོ་སྣང་དེ་འདྲ་ཞིག་སྐྱེ་རུ་འཇུག་མི་ཐུབ་པ་མ་ཟད། སྐབས་རེ་རྩོམ་ཡིག་འབྲི་བའི་བསམ་བློ་རང་ཤུགས་ཀྱིས་ཡལ་འགྲོ་བཞིན་འདུག དྲང་མོ་བཤད་ན་འདི་འདྲའི་ཁོར་ཡུག་གི་ཤུགས་རྐྱེན་དག་ནི་ང་ལ་མཚོན་ན་ད་དུང་རྩོམ་འབྲིའི་ཐད་ནས་གཞི་རྐང་བརྟན་པོ་ཞིག་ཚུགས་ཐུབ་མེད་པའི་ཕྱོགས་ཀྱི་གེགས་རྐྱེན་ནམ་དཀའ་ངལ་རེད་བསམ་གྱིན་ཡོད། དགོངས་དག ང་རང་བོད་ནང་དུ་ཡོད་པ་ཡིན་ན་ད་ཆ་རྩོམ་པ་པོ་ཚད་ཐུབ་ཅིག་ཏུ་གྱུར་ཡོད་ཚུལ་གྱི་འུར་ཤོབ་དང༌། འདིར་ཕྱི་ཡུལ་སྤྱི་ཚོགས་ཁྲོད་ཀྱི་རྩོམ་པ་པོ་ཚོར་དམའ་འབེབས་ལྟ་བུའི་སྐད་ཆ་འདྲ་ཞིག་བཤད་སོང༌། ཡིན་ནའང་བསམ་ཚུལ་དྲང་པོ་དྲང་བཞག་གིས་བཤད་ཡོད།
དྲི་བ། ལགས་སོ།བསམ་ཚུལ་དྲང་བོར་བཤད་པར་ཐུགས་རྗེ་ཆེ་ཞུ་པ་དང་གོང་ནས་ཉིད་ཀྱིས་གསུང་བའི་བོད་ཕྱི་ནང་གཉིས་ཀྱི་རྩོམ་འབྲིའི་ཁོར་ཡུག་དང་བསམ་བློའི་ཀུན་སྤྱོད་ཀྱི་ཆ་ནས་བར་ཁྱད་དམ་ཧེ་བག་ཡོད་པར་བཤད་པ་དེའི་གནད་དང་གཞི་རྩ་གང་རེད་བསམ་གྱིན་འདུག
ལན། ཞིབ་ཚགས་ཀྱིས་བོད་ནང་ཁུལ་གྱི་རྩོམ་པ་པོ་རྣམས་ཀྱི་རྩོམ་ཡིག་དང་ང་ཚོ་འདིར་ཕྱི་སྡོད་སྤྱི་ཚོགས་ཁྲོད་ཀྱི་རྩོམ་པ་པོ་ཚོའི་རྩོམ་ཡིག་བསྡུར་ན། བོད་ནང་གི་རྩོམ་པ་པོ་རྣམས་ཀྱི་རྩོམ་ཡིག་ནི་ནང་དོན་བརྗོད་བྱ་བདམས་གསེས་བྱེད་སྟངས་དང༌། བརྗོད་བྱེད་ཚིག་སྦྱོར་སྤེལ་སྟངས་བཅས་རྩོམ་གཤིས་ཀྱི་ལེགས་ཆ་འབུར་ཐོན་གྱིས་རྩོམ་ཡིག་ཕལ་ཆེ་བ་ཀློག་རིན་ཡོད་པ་ཞིག་ཡིན་པ་དང༌། འདིར་ང་ཚོ་ཕྱི་ཡུལ་དུ་སྡོད་པའི་རྩོམ་པ་པོའི་ཚོའི་རྩོམ་ཡིག་ནི་ཕལ་ཆེ་བ་བརྗོད་བྱ་ཁྱབ་ཆུང་ཞིང་རབ་རིབ་ཅིག་དང༌། བརྗོད་བྱེད་ཚིག་སྦྱོར་སོགས་རྩོམ་ལུས་ཧྲིལ་པོར་ཞན་ཆ་ཞིག་འཇགས་ནས་ཡོད་པའི་བར་ཁྱད་ཅིག་མཐོང་སོང༌། དེའི་གནད་དང་རྒྱུ་རྐྱེན་ནི། སྤྱིར་རྩོམ་པ་པོ་ཞིག་ཡིན་ན་རྩོམ་ཡིག་འབྲི་བཞེངས་ལེགས་ཉེས་ཀྱི་ཆ་ནས་ཕྱི་རོལ་ཡུལ་གྱི་ཁོར་ཡུག་དང་སྤྱི་ཚོགས་འཚོ་བ་དེ་ཧ་ཅང་གི་གལ་ཆེན་པོ་ཞིག་རེད། དེའི་ཕྱིར་འདིར་ང་ཚོ་ལ་བོད་ནང་བཞིན་རྩོམ་ཡིག་འབྲི་བའི་རྒྱབ་ལྗོངས་ཏེ། བོད་རང་གི་སྤྱི་ཚོགས་འཆོ་བ་དངོས་དང་ཁོར་ཡུག་སོགས་ཁྱབ་རྒྱ་ཆེན་པོ་ཞིག་མེད་པའི་རྐྱེན་གྱིས། གཞན་ཡུལ་འདིར་རྩོམ་ཡིག་འབྲི་མཁན་ཚོར་བརྗོད་བྱ་དང་ཚིག་སྦྱོར་སོགས་ཕྱོགས་གང་ཐད་ནས་རྩོམ་ཡིག་ཚད་ཐུབ་ཅིག་འབྲི་བར་འགོག་རྐྱེན་ཐེབས་ཀྱི་ཡོད་པ་རེད་བསམ་ཡོད།
གཞན་བོད་ཕྱི་ནང་གཉིས་ཀྱི་རྩོམ་པ་པོའི་བསམ་བློའི་ཀུན་སྤྱོད་ཀྱི་ཆ་ནས་བལྟས་ན། སྤྱི་ཡོངས་ནས་དེ་འདྲ་ཞིག་རེད་ཟེར་གྱིན་མེད། ཡིན་ཡང་འདིར་རྩོམ་པ་པོ་ཡིན་ཟེར་མཁན་མང་པོ་ཞིག་ལ་གཞན་ལ་གསེག་འདྲི་དང༌། རྒོལ་སློང༌། དམའ་འབེབས། རང་ལྟ་མཆོག་འཛིན་གྱི་ཁེངས་སེམས་དང་ང་རྒྱལ་བཅས་ཀྱི་སྣང་བ་ཞིག་རང་ཤུགས་ཀྱིས་འཇགས་ནས་ཡོད་པའི་སྣང་ཚུལ་ཞིག་མཐོང༌། གནད་དེ་ནི་འདིར་ང་ཚོ་ཕྱི་སྡོད་པ་ཚོའི་ཁྲོད་ཁོར་ཡུག་ལ་དཔག་སྟེ་མིག་དཔེ་བལྟ་སའི་རྩོམ་པ་པོ་ཚད་ལྡན་གྲས་ཀྱི་དཔུང་ཁག་གམ་སྣེ་ཁྲིད་མེད་པར། དུས་རྒྱུན་ཚགས་དེབ་དང་དྲ་ངོས་བཅས་སུ་རྩོམ་ཡིག་རེ་འབྲི་མཁན་ཚོའི་གྲས་སུ་ཤེས་ཡོན་གྱི་ཆ་ནས་སློབ་སྦྱོང་གི་བརྒྱུད་རིམ་ངེས་ཅན་ཞིག་མེད་སྟབས། རང་རྒྱུད་ལ་ཤེས་བྱ་ཡོན་ཏན་ཅི་ཡང་འཇགས་མེད་པར་རང་ཉིད་ཀྱི་བསམ་བློ་དང་ཀུན་སྤྱོད་སོགས་འདུལ་གཅུན་ཐུབ་མེད་པ་དང༌། དེ་མཚུངས་རྩོམ་ཡིག་འབྲི་བའི་ཚད་གཞིའང་རིམ་པ་ངེས་ཅན་ཞིག་ལ་སླེབས་མེད་ནའང༌། ཕྱི་རོལ་གྱི་ཁོར་ཡུག་ཆུང་ཆུང་འདིར་བསྟུན་གྱིས་རྩོམ་ཡིག་ཙམ་ཞིག་འབྲི་ཤེས་པ་དེས་རང་ཉིད་རྩོམ་པ་པོ་ཞིག་ཡིན་མདོག་གི་ཁེངས་སེམས་ཆེན་པོ་ཤིག་བཟུང་སྟེ། བསམ་བློ་གཏོང་མི་ཤེས་པ་ལྟ་བུའི་དཀྱུས་མའི་བསམ་སྤྱོད་དེས་ང་རྒྱལ་དང་ཁེངས་སེམས་ཀྱིས་གཞན་ལ་གསེག་འདྲི་དང་དགག་རྒྱག འཕྱ་སྨད་སོགས་ཀྱི་ཚིག་སྣེ་རྐྱང་རྐྱང་ལ་འཇུས་ནས་ཡོད་པ་དེས་ཤན་ཤུགས་ཀྱིས། གསར་དུ་རྩོམ་ཡིག་འབྲི་བར་ཕྱོགས་མཁན་མང་པོ་ཞིག་གི་བསལ་བློ་ལའང་ཕོག་ཐུག་བཏང་སྟེ། ཕན་ཚུན་དགག་རྒྱག་དང་དམའ་འབེབས་བྱེད་པའི་འཐེན་འཁྱེར་གྱི་སྤྱོད་ཚུལ་དེ་ལ་རང་ཤུགས་ཀྱིས་ཞུགས་དགོས་པ་ཞིག་ཆགས་ཀྱི་ཡོད་པ་རེད་བསམ། 
སྤྱིར་ཡིན་ན་རྩོམ་རིག་སོགས་ཀྱི་ཕྱོགས་ནས་བསམ་བློ་གུ་ཡངས་པོའི་སྒོ་ནས་དགག་བཞག་གིས་བསམ་ཚུལ་བརྗོད་རེས་བྱས་ན་དེ་ནི་འོས་ཤིང་འཚམ་པ་ཞིག་རེད། ཡིན་ནའང༌། དེ་ལྟའི་རིག་གནས་སོགས་ཀྱི་གཞུང་ལུགས་སྟེང་ལ་འབབ་མ་ཐུབ་པར་ཕན་ཚུན་གྱི་སྒེར་དོན་ལྟ་བུ་ཞིག་རྩོད་གཞིར་བཟུང་སྟེ།མི་གཞིའི་ སྟེང་བབ་ནས་དམའ་འབེབས་དང་འཕྱ་སྨོད་ཀྱི་ཚིག་རྩུབ་སྨྲ་རེས་བྱེད་པའི་ངང་ཚུ ལ་དེ་ཧ་ཅང་གི་ཐབས་རྡུགས་ཤིག་རེད་བསམ། འདིར་གསལ་བོར་བཤད་རྒྱུ་ཞིག་ལ།ངས་ང་ཚོ་ཕྱི་སྡོད་ཀྱི་སྤྱི་ཚོགས་ཁྲོད་འདིར་རྩོམ་པ་པོ་ཚད་ཐུབ་དེ་འདྲ་གཏན་ནས་མེད་སོང་རེད་ཟེར་གྱི་མེད།ཤེས་ཡོན་དང་རྩོམ་འབྲིའི་ཚད་གཞི།བསམ་སྤྱོད་སོགས་ཕྱོགས་གང་ཐད་ནས་ཡག་པོ་དེ་འདྲ་ཡོད་ཀྱི་རེད། ཡིན་ཡང་དེ་ཚོ་ནི་ལྷང་ལ་མ་བུད་པར་སྦས་སྐོང་གི་ཚུལ་དུ་བསྡད་ཡོད་ཀྱི་རེད་བསམ།ཁོ་ཚོ་ལྷང་ལ་བུད་དེ་མངོན་གསལ་དུ་དུས་རྒྱུན་རྩོམ་ཡིག་མི་འབྲི་བ་དེར་ཡང་རྒྱུ་མཚན་ཞིག་ཏག་ཏག་ཡོད་ཀྱི་རེད་བསམ།
དྲི་བ། རེད་རེད། དེས་ན་སྔོན་ཆད་ཁྱོད་ཀྱིས་རྩོམ་ཡིག་འབྲི་བར་སྤྲོ་བའི་སྟོང་བསམ་དང་རྨི་ལམ་རུམ་པའི་སྐབས་ཀྱི་མིག་དཔེ་བལྟ་སའི་རྩོམ་པ་པོ་སུ་ཡིན་དང༌། སྐབས་དེར་ཁྱོད་ཀྱིས་བལྟ་ཀློག་བྱེད་སའི་ཚགས་པར་དང་དུས་དེབ་གང་ཡིན་ནམ།
ལན། སྔོན་ཆད་ང་རང་སློབ་ཆུང་འགྲིམས་པའི་སྐབས་དེར་ངའི་ཕུ་བོ་ཞིག་རྩེ་ཁོག་རྫོང་མི་རིགས་སློབ་འབྲིང་འགྲིམས་ཀྱིན་ཡོད། སྐབས་དེར་རྩོམ་པ་པོ་ཁྱུང་ཐར་རྒྱལ་ལམ་ཀླུ་ཚང་སྨྱུག་རྩེན་དང་ངའི་ཕུ་བོ་གཉིས་འཛིན་གྲྭ་གཅིག་གི་སློབ་གྲོགས་ཡིན་པ་བརྒྱུད་ཁྱུང་ཐར་རྒྱལ་དང་ངེད་གཉིས་ངོ་ཤེས་སུ་གྱུར་ཏེ། ཁོས་དུས་རྒྱུན་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་དང༌། སྦྲང་ཆར་མཚོ་སྔོན་མང་ཚོགས་སྒྱུ་རྩལ་སོགས་དུས་དེབ་ཁག་ཅིག་སྟེང་རྩོམ་ཡིག་ སྤེལ་བའི་སྤྲོ་སྣང་གི་རྣམ་འགྱུར་དང༌།ནམ་རྒྱུན་ཁོ་ཚོ་སློབ་གྲོགས་ཁ་ཤས་འདུ་ འཛོམས་ཀྱི་སྐབས་རྩོམ་རིག་སྐོར་ཀྱི་སྐད་ཆ་རྐྱང་གླེང་བའི་སྤྱོད་ཚུལ་དེས་རྩོམ་པ་པོ་ཁྱུང་ཐར་རྒྱལ་གཙོས་ཁོ་ཚོ་ནི་ངའི་མིག་དཔེ་བལྟ་སའམ་ང་ལ་རྩོམ་ཡིག་འབྲི་བར་དགའ་བ་དང་སྤྲོ་སྣང་སྦྱིན་མཁན་ཡིན་ཟེར་ཆོག ཚུལ་དེར་བརྟེན་གྱིས་སྐབས་ཐོག་དེར་ང་ལ་དུས་རྒྱུན་མཚོ་སྔོན་བོད་ཡིག་གསར་འགྱུར་ཚགས་པར་དང༌། སྦྲང་ཆར།མཚོ་སྔོན་མང་ཚོགས་སྒྱུ་རྩལ་སོགས་ཚགས་དེབ་ཁག་ལ་བལྟ་ཀློག་བྱེད་པར་སྤྲོ་བའི་གོམས་གཤིས་ཤིག་འཇགས་སོང༌།དེ་ཡང་གཙོ་བོ་ཁོ་ཚོའི་རྩོམ་རིག་ལ་ཕྱོགས་པའི་ཀུན་སྤྱོད་དེས་ཁོར་ཡུག་གཅིག་ཏུ་ང་ལ་འཇགས་སུ་བཅུག་པའི་བཟང་སྤྱོད་ཀྱི་ཆ་ཞིག་ཡིན་ཟེར་ཆོགདེའི་ཕྱིར་མི་སུ་ཞིག་ཡིན་ན་ཀུན་སྤྱོད་ལེགས་ཉེས་དང་བཟང་ངན་གྱི་ཆ་དེ་ཁོར་ཡུག་དང་ནམ་རྒྱུན་འབྲེལ་འདྲིས་བྱེད་སའི་མི་ལ་ཧ་ཅང་གི་རག་ལས་ཡོད་པ་ཞིག་རེད་བསམ་གྱིན་ཡོད།
དྲི་བ། ལགས་སོ། ད་ལྟའི་ཆར་ཁྱོད་ཀྱིས་གོང་བཀུར་བྱེད་སའི་སྙན་ངག་པ་སུ་དང༌། ཁྱོད་ཀྱི་རྩོམ་ཡིག་སྤེལ་སའི་དྲ་ཚིགས་གང་དག་ཡིན་ནམ།
ལན། ངས་གོང་བཀུར་བྱེད་སའི་སྙན་ངག་པ་འདི་ཡིན་ཞེས་དམིགས་སུ་བཀར་ནས་ཅང་སྟོན་རྒྱུ་མེད། ང་ཚོ་བོད་མི་རིགས་ཀྱི་གནའ་རབས་སྲོལ་རྒྱུན་རྩོམ་རིག་གི་ཐད་བྱས་རྗེས་ཆེན་པོ་བཞག་གནང་ཡོད་པའི་སྔོན་རབས་ཀྱི་སྙན་ངག་པ་རྣམས་དང༌། དེང་རབས་རྩོམ་རིག་གསར་རྩོམ་བཅས་ཀྱི་ཕྱོགས་ལ་བྱས་རྗེས་བཞག་དང་འཇོག་བཞིན་ཡོད་པའི་དེང་གི་སྙན་ངག་པ་བཅས་ཚང་མ་གཅིག་མཚུངས་ཀྱིས་གོང་བཀུར་བྱེད་ཀྱིན་ཡོད། ཡིན་ནའང་བོད་ཕྱི་ནང་གཉིས་གང་ཡིན་ནའང་རྩོམ་འབྲིའི་ལས་ལ་སྔ་མོ་ནས་ཞུགས་ཤིང༌། བོད་ཀྱི་རྩོམ་རིག་གི་སྡིངས་ཆའི་སྟེང་གོ་གནས་གང་འཚམ་བཟུང་ཡོད་པའི་སྙན་ངག་པའམ་རྩོམ་པ་པོ་མང་པོ་ཞིག་དེང་སྐབས་རང་ཉིད་ཀྱི་ཁེ་ལས་སོགས་སྤྱི་ཚོགས་ཀྱི་བྱ་བར་འཇུས་ནས་ཁོམ་ལོང་མེད་སོང་བ་ཡིན་ནམ། ཡང་ན་རྩོམ་ཡིག་འབྲི་བར་གཞོལ་བའི་འདུ་ཤེས་དེ་ཐོག་མའི་ཨ་གསར་ཙམ་པོ་ལས་ད་ཆ་རྩོམ་ཡིག་འབྲི་བའི་སྤྲོ་བ་ཉམས་སོང་བ་ཡིན་ནམ། གང་ལྟར་ཁོ་ཚོས་དེང་སྐབས་སྙན་ངག་སོགས་རྩོམ་ཡིག་འབྲི་བ་ནི་སྔོན་ཆད་དང་བསྡུར་ན་ཆེས་ཉུང་ཉུང་རེད། ཕར་བལྟས་ཚོད་ཀྱིས་ད་ཆ་ཁོ་ཚོས་རྩོམ་རིག་གི་འགན་འཁྲི་དང་འདུ་ཤེས་གཡུགས་བཞག་ཡོད་ལྟ་བུ་ཞིག་རེད། ཚུལ་དེ་ལ་དཔག་ནས་བལྟས་ན་བོད་ནང་གི་སྙན་ངག་པ་གཅན་མེ་སྟག་ལགས་ནི་དེང་སྐབས་འདིར་ངས་གདེང་འཇོག་བྱ་ཡུལ་གྱི་རྩོམ་པ་པོ་ཞིག་ཡིན། དེ་ནི་ཁོ་ལ་མཚོན་ནའང་སྔོན་ཆད་ནས་རྩོམ་འབྲིའི་ལས་ལ་ཞུགས་ཏེ་མིང་གྲགས་ཀྱང་གང་འཚམ་ཡོད་པའི་རྩོམ་པ་པོའམ་སྙན་ངག་པ་ རྒན་གྲས་ཤིག་རེད། ཡིན་ནའང་ཁོས་རྩོམ་འབྲིའི་ཐད་ནས་རྒན་ཡོལ་ལྟ་བུའི་འདུ་ཤེས་དེ་འདྲ་གཏན་ནས་མ་བཟུང་པར། དེང་ནའང་གསར་སྐྱེས་རྩོམ་པ་པོ་རྣམས་དང་ལྷན་དུ་དཔུང་རྡང་གཅིག་ཏུ་སྦྲེལ་ནས་རྩོམ་ཡིག་འབྲི་བའི་སྨྱུ་གུ་འགུལ་མཚམས་མི་འཇོག་པར་ཤར་བསྐྱོད་བྱེད་ཀྱིན་ཡོད་པའི་ཧུར་བརྩོན་རང་བཞིན་དང༌། ཚུགས་བརྟན་འགྱུར་མེད་ཀྱི་སྤྱོད་ཚུལ་དེས་རྩོམ་པ་པོ་ཁོ་བོར་ངའི་ངོས་ནས་དམིགས་བསལ་གྱི་ལྟ་སྟངས་དང་གདེང་འཇོག་ཅིག་སླེབས་སོང༌། ངས་རྩོམ་ཡིག་སྤེལ་སའི་དྲ་ཚིགས་ཁག་བོད་ནང་ཁུལ་དུ་གངས་ལྗོངས་གཞོན་ནུའི་གླེང་སྟེགས་དྲ་བ་དང༌། ཆ་འཕྲིན་ལག་རྩལ་དྲ་བ། ཧི་གཟུགས་ཟིན་བྲིས། རྡོ་འབུམ་ཟིན་བྲིས། མཆོད་མེ་དྲ་བ། མཚོ་སྔོན་པོ་ཟིན་བྲིས། ན་གཞོན་གསར་པའི་དྲ་བ་བཅས་ཡིན། ཡིན་ནའང་གངས་ལྗོངས་གཞོན་ནུའི་གླེང་སྟེགས་དྲ་བ་དང༌། ཆ་འཕྲིན་ལག་རྩལ་དྲ་བ། ཧི་གཟུགས་ཟིན་བྲིས་བཅས་སྒོ་བརྒྱབ་ཟིན་པས། ད་སྐབས་ངས་རྩོམ་ཡིག་མང་ཆེ་བ་མཚོ་སྔོན་པོ་ཟིན་བྲིས་དང༌། ན་གཞོན་གསར་པའི་དྲ་བ། མཆོད་མེ་དྲ་བ་བཅས་སུ་སྤེལ་གྱི་ཡོད། འདིར་ཕྱི་ཡུལ་དུ་དུས་བབ་ཟིན་བྲིས་དང༌། ཁ་བརྡ་དྲ་བ། རང་དབང་དྲ་བ་བཅས་སུ་མཚམས་མཚམས་རྩོམ་ཡིག་རེ་སྤེལ་གྱིན་ཡོད། མདོར་ན། ངས་རྩོམ་ཡིག་མང་ཆེ་བ་བོད་ནང་གི་དྲ་བའི་སྟེང་སྤེལ་གྱིན་ཡོད།
དྲི་བ། སྔོན་ཆད་དང་ད་ལྟ་བསྡུར་ན་ཁྱོད་ཀྱིས་རྩོམ་ཡིག་འབྲི་བའི་དགའ་སྣང་གི་འདུ་ཤེས་ལ་ཧེ་བག་འདྲ་ཡོད་དམ།
ལན། སྔོན་ཆད་དང་ད་ལྟ་བསྡུར་ན་ངས་རྩོམ་ཡིག་འབྲི་བའི་དགའ་སྣང་གི་འདུ་ཤེས་ལ་ཧེ་བག་ཅུང་ཡོད་འདུགདེ་ནི་ང་རང་རྩོམ་རིག་གི་ཕྱོགས་ལ་དགའ་སྣང་གི་བསམ་བློ་ཞིག་ཁྱེར་ནས་གཞིས་བྱེས་གཉིས་བརྒྱུད་པའི་སྤྱི་ཚོགས་དང་ཁོར་ཡུག་གི་ཆ་ནས་ཧེ་བག་དེ་འདྲ་ཞིག་བྱུང་བ་རེད་བསམ་གྱིན་ཡོད། སྔོན་ཆད་ང་བོད་ནང་དུ་ཡོད་པའི་སྐབས་རྩོམ་ཡིག་འབྲི་བར་ཧ་ཅང་དགའ་སྣང་ཡོད་ནའང་རྩོམ་ཡིག་ཡག་པོ་ཞིག་འཁྱོངས་ཀྱིན་མེད་པ་དང༌། ད་སྐབས་འདིར་སྔར་ལས་གང་འཚམ་ཡར་རྒྱས་ཀྱི་རྣམ་པས་རྩོམ་ཡིག་རེ་འབྲི་ཤེས་ཀྱིན་ཡོད་ནའང༌། དེའི་ཚོད་ཀྱིས་ང་ལ་རྩོམ་ཡིག་འབྲི་བའི་སྤྲོ་སྣང་གི་འདུ་ཤེས་དེ་སྔོན་ཆད་ནང་བཞིན་སླེབས་ཀྱི་མི་འདུག དེའི་ཕྱིར་རྩོམ་ཡིག་འབྲི་བར་དགའ་སྣང་གི་འདུ་ཤེས་ཡོད་མེད་ཀྱི་བར་ཁྱད་དམ་ཧེ་བག་དེ་ངས་གོང་དུ་བཤད་པ་བཞིན་གྱི་གཙོ་བོ་ཁོར་ཡུག་གི་ཤུགས་རྐྱེན་གྱིས་རེད་བསམ་གྱིན་ཡོད།
དྲི་བ། རེད་རེད། སྤྱིར་རྩོམ་པ་པོ་དང་སྙན་ངག་པ་གཉིས་ལ་ཁྱོད་རང་ངོས་ནས་ཁྱད་པར་གང་འདྲ་ཞིག་ཡོད་རེད་བསམ་གྱིན་ཡོད།
ལན། སྤྱིར་རྩོམ་པ་པོ་དང་སྙན་ངག་པ་གཉིས་ལ་སྤྱི་ཚོགས་ཀྱི་འགན་འཁྲིའི་ཆ་ནས་ཁྱད་པར་ཆེན་པོ་ཡོད་ཀྱི་མ་རེད་བསམ་ཡོད། དེ་གཉིས་གང་ཡིན་ཡང་མདོར་བསྡུས་ནས་བཤད་ན་འགན་འཁྲིའམ་དམིགས་ཡུལ་དེ་སྨྱུ་གུ་བཟུང་ནས་རྩོམ་པའི་ལས་ལ་ཞུགས་ཏེ། མི་མང་གི་མགྲིན་ཚབ་པ་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་རྒྱུ་དེ་རེད། ཡིན་ནའང༌། སྤྱིར་རྩོམ་རིག་ལ་སྒྲུང་རྩོམ་དང༌། དཔྱད་བརྗོད། འབོལ་རྩོམ།སྙན་ངག་སོགས་རྩོམ་ལུས་བྱེ་བྲག་པ་མི་འདྲ་བར་སྣང་བས་རྩོམ་མཁན་རང་ཉིད་གང་ལ་དགའ་བའམ་འཐད་ཕྱོགས་དེར་ཞུགས་ཏེ། ཆེད་ལས་ལྟ་བུའི་སྒོ་ནས་སྒྲུང་རྩོམ་བྲིས་ཏེ་གྲུབ་འབྲས་ལེན་པའི་སྒྲུང་རྩོམ་པ་དང༌། དཔྱད་བརྗོད་བྲིས་ཏེ་གྲུབ་འབྲས་ལེན་པའི་དཔྱད་བརྗོད་པ།སྙན་ངག་བྲིས་ཏེ་གྲུབ་འབྲས་ལེན་པའི་སྙན་ངག་པ་བཅས་རྩོམ་པའི་ལས་ལ་ཞུགས་སྟངས་མི་འདྲ་བའི་ཚུལ་དུ་ཡོད་པས། དེ་ཚང་མར་བྱེ་བྲག་གི་རྩོམ་རིག་བརྩམས་ཆོས་དང་འབྲེལ་རྩོམ་པ་པོ་ཟེར་བའི་མིང་འདིས་ཁྱབ་ཡོད་པ་ཞིག་རེད། དེའི་ཕྱིར་སྙན་ངག་པ་ཡིན་ན་རྩོམ་པ་པོའི་ཁྱབ་ཁུངས་ཡིན་ངེས་པ་དང༌། བྱེ་བྲག་གི་རྩོམ་ལུས་མི་འདྲ་བའི་རྩོམ་པའི་གྲུབ་འབྲས་ལ་དཔག་སྟེ་རྩོམ་པ་པོ་ཡིན་ན་སྙན་ངག་པ་ཡིན་དགོས་པའི་ངེས་པ་མེད་པས། དེ་གཉིས་ལ་ཁྱབ་ཆེ་ཆུང་གི་བར་ཁྱད་འདི་འདྲ་ཞིག་ཕྱེ་རྒྱུ་ཡོད་པར་བསམ།
དྲི་བ། ལགས་སོ། གལ་སྲིད་ཁྱོད་རང་རྩོམ་པ་པོ་དང་སྙན་ངག་པ་གཉིས་ཀྱི་གཅིག་གི་ཁུངས་སུ་གཏོགས་དགོས་བྱུང་ན་གང་དུ་འཛུལ་བདེ་བར་སྙམ།
ལན། སྤྱིར་དེ་གཉིས་ཀྱི་གང་གི་ཁུངས་སུ་གཏོགས་དགོས་མིན་དེ་ཡང་གཙོ་བོ་བྱེ་བྲག་གི་རྩོམ་ལུས་གང་ལ་ཞུགས་པའི་གྲུབ་འབྲས་གཙོ་ཆེར་བཟུང་ནས་བཤད་དགོས་པར་སྙམ། དོན་དངོས་ཀྱིས་ང་དེ་གཉིས་ཀྱི་གང་གི་ཁུངས་གཏོགས་སུ་འཛུལ་བདེ་མིན་དེ་ང་རང་སྟེང་ གི་རྩོམ་པའི་ལྗིད་ཚད་ལ་དཔག་སྟེ་ཐག་གཅོད་གསལ་བོ་ཞིག་བྱེད་ཐུབ་ཀྱི་མི་འདུག ཡིན་ཡང༌། གལ་སྲིད་དགོས་མཁོ་ལྟ་བུ་ཞིག་གིས་ང་དེ་གཉིས་གང་རུང་གི་ཁུངས་གཏོགས་སུ་འཛུལ་དགོས་བྱུང་བ་ཡིན་ན། ང་རང་ རྩོམ་ཡིག་འབྲི་བར་སྤྲོ་བ་དེ་བཞིན་ཅི་ཡང་མི་འཇོན་ནའང་རྩོམ་ལུས་ཀྱི་ཆ་ནས་གཅིག་ལ་འཇུ་བའི་ཚད་བཀག་འདྲ་ཞིག་བཟུང་མེད་པར། སྙན་ངག་དང༌། སྒྲུང་རྩོམ། འབོལ་རྩོམ། དཔྱད་བརྗོད་བཅས་ཕྱོགས་ཚང་མར་ཆ་སྙོམས་པོའི་ཚུལ་གྱིས་འཇུག་པའི་ཁུལ་དུ་ཡོད་སྟབས།            རྩོམ་པ་པོའི་ཁོངས་གཏོགས་སུ་འཛུལ་ན་བདེ་བར་སྙམ།
དྲི་བ། མིག་སྔར་སྙིང་གི་ཚི་ལུཞེས་པའི་མཛའ་འཕྲིན་འགྲན་བསྡུར་ཁྲོད་ཉིད་ཀྱི་རྩོམ་ཡིག་ལ་ཨང་གཉིས་པའི་བྱ་དགའ་ཐོབ་པ་དང༌། སྤྱི་ལོ་༢༠༠༩ལོར་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ནས་ཀྱང་རྩོམ་ཡིག་འགྲན་བསྡུར་གྱི་བྱ་དགའ་ཐོབ་པ། དེ་མིན་བོད་ཕྱི་ནང་གི་ཚོགས་པ་གཞན་དང་ཁྱོད་རང་ཞུགས་བཞིན་པའི་དྲ་ཚིགས་དེ་དག་ལས་ཁྱོད་ལ་བྱ་དགའ་ཐོབ་མྱོང་ངམ་དེ་དག་མཚམས་སྦྱོར་ མདོར་བསྡུས་ཤིག་གནང་ན་གང་འདྲ་འདུག
ལན། ཕྱི་སྡོད་བོད་ཀྱི་སྤྱི་ཚོགས་ནང་འདིར་ང་རང་རྩོམ་ཡིག་འགྲན་བསྡུར་ཐེངས་ལྔ་ཙམ་ལ་ཞུགས་མྱོང་ཡོད། ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱིས་གོ་སྒྲིག་བྱས་པའི་རྩོམ་ཡིག་འགྲན་བསྡུར་དང༌། ཨ་རིའི་ལབ་ཙེ་དཔེ་མཛོད་ཁང་གིས་གོ་སྒྲིག་བྱས་པའི་མཛའ་འཕྲིན་རྩོམ་ཡིག་འགྲན་བསྡུར། ཀིརྟི་གྲྭ་ཚང་གིས་གོ་སྒྲིག་བྱས་པའི་རྩོམ་ཡིག་འགྲན་བསྡུར། དབུ་མའི་ལམ་མི་མང་ལས་འགུལ་ཁང་གིས་གོ་སྒྲིག་བྱས་པའི་རྩོམ་ཡིག་འགྲན་བསྡུར། ཉེ་སྔོན་འདིར་གངསལྗོངས་གེ་སར་ཚང་རྩོམ་ཡིག་འགྲན་བསྡུར་བཅས་སུ་ཞུགས་མྱོང་ཡོད། དེ་དག་ལས་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྩོམ་ཡིག་འགྲན་བསྡུར་ཁྲོད་ངའི་ཆེད་རྩོམ་༼བོད་ཀྱི་རྩོམ་རིག་གྲུབ་འབྲས་ཀྱི་ཚུར་སྣང་དགོས་ཆོས་འགའ་གླེང་བ་༽ཞེས་པར་ཨང་གཉིས་པའི་བྱ་དགའ་དང༌། ལབ་ཙེ་དཔེ་མཛོད་ཁང་གིས་ཁ་བྱང་ལ་སྙིང་གི་ཚི་ལུ་ཞེས་པའི་མཛའ་འཕྲིན་འགྲན་བསྡུར་ཁྲོད་ངའི་ལྷུག་རྩོམ་༼ཟླ་བ་ལས་འབུས་པའི་བརྩེ་འཕྲིན་༽ཞེས་པར་ཨང་གཉིས་པའི་བྱ་དགའ། ཀིརྟིའི་གྲྭ་ཚང་གི་རྩོམ་ཡིག་འགྲན་བསྡུར་ཁྲོད་ངའི་ཆེད་རྩོམ་༼བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བྱེད་པའི་དགེ་མཚན་དང་དེའི་ཐབས་ལམ་༽ཞེས་པར་རྩོམ་ཡིག་ཨང་ཐོབ་བཞིའི་རྗེས་ཀྱི་རྩོམ་ཡོན་ཡོད་པའི་རྩོམ་ཡིག་ལེགས་ཤོས་བཅུ་གྲས་སུ་ཚུད་པ། དབུ་མའི་ལམ་མི་མང་ལས་ཁང་གི་རྩོམ་ཡིག་འགྲན་བསྡུར་ཁྲོད་ངའི་ཆེད་རྩོམ་༼དབུ་མའི་ལམ་དང་མ་འོངས་བོད་ཀྱི་མདུན་ལམ་༽ཞེས་པར་རྟིང་སྐུལ་བྱ་དགའ་བཅས་ཐོབ། བོད་ནང་དུ་ཕྱི་ལོ་ ༢༠༠༩ལོར་གངས་ལྗོངས་གཞོན་ནུའི་གླེང་སྟེགས་དྲ་བའི་སྟེང་བོད་ཁམས་ཡོངས་སུ་ཁ་བྱང་ལ་༼ང་དང་གངས་ལྗོངས་གླེང་སྟེགས་༽ཞེས་པའི་དྲ་རྩོམ་འགྲན་བསྡུར་ཞིག་སྤེལ་བའི་ཁྲོད་ང་ལ་རྟིང་སྐུལ་བྱ་དགའ་ཐོབ། དེ་མིན་གཞན་བོད་ནང་དུ་རྩོམ་ཡིག་འགྲན་བསྡུར་ཁྲོད་ཞུགས་མྱོང་མེད།
དགོངས་དག དྲི་བ་འདི་དང་འབྲེལ་ངས་ཟུར་འཕྲོས་ཀྱི་སྐད་ཆ་ཞིག་བཤད་ན་འདོད། སྤྱིར་རྩོམ་ཡིག་འབྲི་བ་ལ་ཕྱོགས་མཁན་ཞིག་ཡིན་ན་རང་ཉིད་ཀྱི་རྩོམ་འབྲིའི་ཚད་གཞི་འཇལ་ཕྱིར་རྩོམ་ཡིག་འགྲན་བསྡུར་གྱི་གོ་སྐབས་བླངས་ནས་འགྲན་བསྡུར་ཁྲོད་ཞུགས་བྱེད་རྒྱུ་དེ་གལ་ཆེན་ཞིག་རེད་བསམ་གྱིན་ཡོད། ཡིན་ནའང་ང་ཚོའི་སྤྱི་ཚོགས་ཁྲོད་འདིར་རྩོམ་ཡིག་འགྲན་བསྡུར་གྱི་བྱ་འགུལ་སྤེལ་མཁན་ཚོས་སྙན་གྲགས་ཤིག་དོན་དུ་གཉེར་གྱི་ཡོད་ཚུལ་དང༌། འགྲན་ཞུགས་པ་ཚོས་བྱ་དགའི་དངུལ་དངོས་ལ་ཧམ་འདོད་བཟུང་ཡོད་ཚུལ་གྱི་སྐད་ཆ་བཤད་ མཁན་ཡང་ཡོད་པས། དེ་རིགས་ནི་བློ་རྒྱ་ཆུང་དྲགས་པའི་དོན་མེད་བྱུང་རྒྱལ་དུ་གླེང་བའི་སྐད་ཆ་ཞིག་རེད་ཟེར་བ་ཡིན།
དྲི་བ། ལགས་སོ། ཉིད་ཀྱི་བསམ་ཚུལ་དེར་ང་རང་ངོས་ནས་ཀྱང་རྒྱབ་སྐྱོར་དང་རྗེས་སུ་རི་རང་ཡོད་ལ་བླ་ལྷག་ཏུ་ཁྱོད་ཀྱིས་བཅར་འདྲི་འདི་དང་ལེན་བྱས་པར་ཐུགས་རྗེས་ཆེ་ཞུ་བ་དང༌། གཞན། གོ་སྐབས་འདི་བརྒྱུད་ནས་ཁྱོད་ལ་བོད་མི་རིགས་ཡོངས་དང་ལྷག་པར་དུ་བོད་ཀྱི་རྩོམ་འབྲི་མཁན་ཚོར་འབོད་སྐུལ་ཅང་ཞུ་རྒྱུ་ཡོད་དམ།
ལན། ལགས་སོ། ཐུགས་རྗེ་ཆེ་ཞུ་མི་དགོས། ང་ཚོ་བོད་པའི་སྤྱི་ཚོགས་འདིར་ཚགས་པར་དང་དུས་དེབ་གང་ཞིག་གི་རྩོམ་སྒྲིག་པ་ཞིག་ཡིན་ན་འདྲ། གསར་འགོད་པ་ཞིག་ཡིན་ནའང་འདྲ། གང་ལྟར་གྲུབ་འབྲས་ཀྱི་ཆེ་ཆུང་ལ་མ་ལྟོས་པར་ཚང་མ་ང་ཚོ་བོད་མི་རིགས་ཀྱི་སྤྱི་ ཚོགས་དང་རིག་གཞུང་བཅས་ལ་ཞབས་འདེགས་ཞུ་མཁན་གྱི་ཆར་གཏོགས་ཡོད་པས། དེ་ལ་གང་ནུས་ཅི་ལྕོགས་ཀྱིས་རྒྱབ་སྐྱོར་བྱེད་རྒྱུ་ནི་བོད་མི་ཞིག་ཡིན་ཕྱིན་འགན་འཁྲི་ཡོད་་ཞིག་རེད། དེའི་ཕྱིརངས་ཁྱོད་ལ་དང་ལེན་བྱེད་དགོས་ངེས་རེད། བོད་མི་ཡོངས་དང་བོད་ཀྱི་རྩོམ་པ་པོ་ཚོར་འབོད་སྐུལ་ཟེར་ནས་དམིགས་བསལ་ཅང་ཞུ་རྒྱུ་མེད། ཡིན་ནའང་ང་རང་ངོས་ཀྱི་བསམ་ཚུལ་ལྟར་རེ་སྐུལ་ཙམ་ཞིག་ཞུ་ན་འདོད། མིའི་རིགས་ཀྱི་སྤྱི་ཚོགས་གང་དང་གང་ཞིག་ཡིན་ན་མཐུན་སྒྲིལ་ནི་དཀའ་ཁག་གི་ལམ་ནས་འཕེལ་རྒྱས་དང་རང་དབང་གི་བདེ་སྐྱིད་ལ་ལོངས་སུ་སྤྱོད་ཐུབ་པའི་སྟོབས་ཤུགས་གཙོ་བོ་དེ་རེད་བསམ་གྱིན་ཡོད། དེའི་ཕྱིར་ད་ལྟའི་མགོ་ཐོག་གི་དུས་རབས་ཉེར་གཅིག་པའི་ང་ཚོ་བོད་མི་རིགས་ཀྱི་གནས་སྟངས་འདི་ལ་དཔག་སྟེ། ཚང་མ་ཞི་བདེ་དང་དྲང་བདེན་ལ་ཁ་ཕྱོགས་ཏེ་མཐུན་སྒྲིལ་གྱི་སྟོབས་ཤུགས་གཅིག་ཏུ་སྦྲེལ་ནས་འགུལ་བསྐྱོད་བྱ་རྒྱུ་དེ་གལ་ཆེན་རེད་ཟེར་ནས་ཆོལ་གསུམ་བོད་མི་ཡོངས་ལ་ཞུ་ན་འདོད།
རྩོམ་པ་པོ་ནི་མི་མང་གི་མགྲིན་ཚབ་པ་ཡིན་ཟེར་བའི་སྐད་ཆ་འདི་བཞིན། རྩོམ་པ་པོ་ཞིག་ཡིན་ཕྱིན་ངེས་པར་དུ་རང་གི་མི་རིགས་དང་སྤྱི་ཚོགས་ལ་ཞབས་འདེགས་ཞུ་བའི་འགན་ཞིག་འཁུར་ནས་རྩོམ་ཡིག་འབྲི་རྒྱུ་ནི་གལ་ཆེན་རེད་བསམ། དེའི་ཕྱིར་ང་ཚོ་བོད་ཀྱི་རྩོམ་པ་པོ་ཚོས་ཀྱང་རང་ཉིད་ཀྱི་ཁེ་གྲགས་དེ་གཙོ་བོར་གཉེར་ནས་མི་འདུག་པར། རང་ཉིད་རྩོམ་པ་པོ་ཞིག་ཡིན་པའི་འགན་འཁྲི་དེ་མངོན་ལྐོག་དང་ཁ་ཞེ་གཉིས་མེད་ཀྱིས་ལག་ལེན་ཏུ་བསྟར་ནས་བསྒྲུབ་ཅི་ཐུབ་བྱ་རྒྱུ་ཞེས་བོད་ཕྱི་ནང་གཉིས་ཀྱི་རྩོམ་པ་པོ་རྣམ་པར་རེ་སྐུལ་ཙམ་ཞིག་ཞུས་པཡིན་ལགས།

1 comment:

  1. རྙིང་བ་ཞིག་བསྐྱར་འགོད་དམ། ཡང་ན་ཉར་ཚགས་ཀྱི་ཆེད་དུ་འདིར་བཞག་པའོ།།

    ReplyDelete