Wednesday 18 May 2016

སྨྱུང་གནས་ཀྱི་ཕན་ཡོན།


༄༅།། སྨྱུང་གནས་ཀྱི་ཕན་ཡོན་བཞུགས་སོ།།
རྩོམ་པ་པོ། ལྕང་སྐྱ་དགེ་འདུན་བཀྲ་ཤིས།
༡སྔོན་འགྲོའི་འཛེམ་བྱ།
འདུལ་བའི་མདོ་རྩར། སྒོག་སྐྱ་ཞག་བདུན། ཀུན་དོང་ཞག་གསུམ། ཀེའུ་ཞག་གཅིག་མ་ལོན་པར་གཙུག་ལག་ཁང་དུ་འཇུག་པར་མི་བྱའོ།། གསུངས་པ་ལས་གཞན། ཆང་དང་ཐ་མ་ཁ་ལའང་འཛེམ་དགོས་སོ།།
༢སྡོམ་པ་ལེན་པའི་རྟེན།
སྨྱུང་གནས་ཀྱི་སྡོམ་པ་ལེན་འདོད་ན། ནངས་སྔ་མོར་ལག་མཐིལ་གྱི་རི་མོ་རིག་མི་རིག་གི་མཚམས་སུ། སྡོམ་པ་ལེན་པའི་རྟེན་ནི། མཆོག་གང་ཟག་དང་། མིན་ན་རྟེན་གསུམ་ལས་ཀྱང་རུང་ལ། རབ་དགེ་ཚུལ་སློང་སྡོམ་ལྡན་དང་། ཡང་ན། ཁྱིམ་པ་གསོ་སྦྱོང་ལ་གནས་པ་ལས་ཀྱང་བླང་རུང་ངོ་།།

མཆོད་པ་བཤམས་ཚུལ། འོས་སྦྱོར།



༄༅། །མཆོད་པ་བཤམས་ཚུལ་བསྡུས་པ་བཞུགས་སོ།།
རྩོམ་པ་བོ། རེབ་གོང་ལྕང་སྐྱ་དགེ་འདུན་བཀྲ་ཤིས།

བཞི་བའི་ཆོས་ཟླ་འདི་ལ། རང་ཅག་ཁ་བ་གངས་ཅན་པའི་དད་ལྡན་རྣམས་ཀྱིས། དུས་ཆེན་གྱི་དགེ་རྩ་འགྱུར་ཁྱད་ལ་དམིགས་ནས། དཀར་ཆོས་ཇི་སྙེད་ཅིག་སྒྲུབ་ཀྱིན་ཡོད།
དཔེར་ན། དཀར་ཟས་བསྟེན་པ་དང་། སྨྱུང་གནས་སྲུང་བ། མར་མེ་འབུལ་བ། ཡོན་ཆབ་བཤམས་པ་སོགས་ཡིན། དགེ་རྩ་དེ་ཡང་སྒྲུབ་ཚུལ་རང་གིས་ཤེས་ནས། ལུས་སེམས་བཀོལ་སྤྱོད་བཏང་ན། ཆུད་ཟོས་སུ་མི་འགྲོ་བར། ལྷག་པར་ཕན་ཡོན་ཆེ་བས། འདིར་མཆོད་བཤམས་སྐོར་ཅུང་ཟད་བརྗོད་ན།
༡ ཡོན་ཆབ་ཀྱི་ཁུངས།
ལྷ་བླ་མ་བྱང་ཆུབ་འོད་ཀྱིས། མཉམ་མེད་ཇོ་བོ་རྗེ་བོད་དུ་བསྟན་པ་དག་ཐེར་དུ་ཞུས་སྐབས། རང་ཅག་གི་དྭངས་བསིལ་ཡན་ལག་བརྒྱད་ལྡན་གྱི་རྫ་ཆུ་བསིལ་མ་འདིས། ཇོ་བོ་ཨ་ཏི་ཤའི་ཐུགས་འཕྲོག་ནས། ཏིང་ཕོར་ནང་དུ་ཡོན་ཆབ་བཤམས་ཚུལ་འདི་དར་རོ།། དེ་ནས་རིམ་བཞིན། ལྷ་སར་འདུལ་བའི་མཆོད་པ། ཁྲ་འབྲུག་ལ་མངོན་པའི་མཆོད་པ། བསམ་ཡས་མདོ་སྡེ་མཆོད་པ། བྱང་ཆུབ་མཆོད་པ་སོགས། མཆོད་པ་ཆེན་པོ་བཞི་དར་ཁྱབ་བྱུང་ལ། རང་ཅག་མདོ་སྨད་ཀྱི་མཆོད་རྒྱུན་ཕལ་ཆེར་སྐུ་ཕྱོགས་གསེར་ཁང་བས་བཙུགས་སོ།།