Tuesday 1 March 2016

ཁ་ཚ་དགོས་གཏུགས་ཀྱི་གཏམ།


༄༅། །ཕྱི་ ཟླ་ ༠༢ ཚེས་ ༢༩ སྟེ་ཁ་སང་ཕྱི་དྲོར་དྷ་ས་བོད་ཀྱི་ཟློས་གར་ཁང་དུ་ཨ་རིའི་རླུང་འཕྲིན་ཁང་གིས་བཀོད་སྒྲིག་འོག་མ་འོངས་པའི་སྲིད་སྐྱོང་འོས་མི་གཉིས་སྡིངས་ཆ་གཅིག་ཏུ་གདན་འདྲེན་གྱིས་བགྲོ་གླེང་གནང་ཐུབ་བྱུང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ལས་འོས་མེད་མོད།
སྤྱིའི་ཆ་ནས་མང་ཚོགས་རྣམས་དངོས་སུ་མཉམ་ཞུགས་བྱེད་མ་ཆོག་པ། བརྙན་འཕྲིན་བརྒྱུད་ཐད་གཏོང་བྱེད་མ་ཐུབ་པ། ཐ་ན་དེར་ཕེབས་ཚོགས་སྐྱིད་ཁག་གི་སྐུ་ཚབ་ཉིས་བརྒྱ་མ་ཟིན་ཚོར་དྲི་བ་ཙམ་ཡང་འདོན་དབང་མ་གནང་པ་སོགས་ནི་ཅུང་ཟད་འདོད་བློ་མ་ཁེངས་པ་ཞིག་བྱུང། དེ་དང་དེ་དག་ནི་དམངས་དང་གཞུང་། ཐ་ན། འབངས་དང་ཚོགས་སྐྱིད་ཁག་གི་བར་དུ་ཧེ་བག་ཤོར་བྱེད་ཀྱི་རྒྱུ་ཁོ་ནའོ།།

གཞན་ཡང་། བཀོད་སྒྲིག་པ་ཨ་རིའི་རླུང་འཕྲིན་ཁང་གིས་དྲི་བ་འགོད་སྟངས་ཀྱང་ཅུང་ཁ་མི་གསལ་ཞིང་རབ་རིབ་ཚ་པོ་ཞིག་ཏུ་ཚོར། སྤྱིའི་ཆ་ནས་ད་ལན་གྱི་གནད་འགག་གི་གོ་སྐབས་འདི་ལྟ་བུ་ལ་ཚིག་དང་འབྲུ་རེ་རེའི་དངོས་ཤུགས་ཀྱི་བསྟན་དོན་ནས་དུས་ཚེས་ཟླ་བ་དང་བཅས་ནས་དྲི་བ་ཞིབ་ཚགས་པོ་ཚ་ནན་དེ་འདྲ་གཏོང་དགོས་པར་སྙམ།
སྲིད་སྐྱོང་ལས་ཐོག་པ་མཆོག་གིས་ལོ་ངོ་བཞིའི་སྔོན་ནས་ཁས་བླང་དམ་འབུལ་བྱས་ཟིན་པ་ནས། དཔེར་ན། བོད་ཕྱི་ནང་གཉིས་སུ་ཁྱད་མཁས་པ་ཆིག་འབུམ་ཆིག་ཁྲི་གསོ་སྐྱོང་གནང་རྒྱུ་གསུངས་པ་ལས་ད་ལྟ་ག་ཚོད་ཅིག་བསྐྱངས་ཟིན་མིན་སོགས་ལྟ་བུ་དང་། ཚོགས་གཙོ་ལས་ཐོག་པ་མཆོག་གིས་ཆབ་སྲིད་དང་འཛིན་སྐྱོང་རིག་ལམ་བཞིའི་གསུངས་དང་གསུང་བཞིན་པ་ལ་གདེང་ཚོད་ཅི་ཡོད་རྒྱུ་མ་ཕུ་འདེད་བྱ་དགོས་པ། ཐ་ན། ཁོང་རྣམ་པ་གཉིས་སྡིངས་ཆ་གཅིག་ལ་ལྷན་དུ་གནས་དུས་ད་གཟོད་ང་ཚོས་ཉེ་བའི་ཆར་གླེང་གཞིར་གྱུར་པའི་དུས་དབང་ཕྱིར་འགྱངས་ཀྱི་གསལ་བསྒྲགས་བསྐྱངས་ཕྱོགས། གློ་བུར་ཕྱི་དྲིལ་བཀའ་བློན་གྱིས་དགོངས་པ་ཞུས་ཕྱོགས་སྐོར་སོགས་དྲི་བ་ཟུར་དང་རྣོ་ངར་ཅན་རེ་མ་བཏང་པ་ནི་གོ་སྐབས་བཟང་པོ་ཆུད་ཟོས་སུ་ཕྱིན་པ་དང་འདྲ་ལ། ཐ་ན། ང་ཚོས་ང་བཟང་ང་མཛེས་ང་ཆེ་དང་། ཁྱེད་ལེགས་ཁོང་ལེགས་ཙམ་གྱིས་ཆུང་ཆུང་མིན་པའི་བོད་ཀྱི་སྤྱི་དོན་འདི་རྨང་ནས་སེལ་མི་ཐུབ་པས། རྗེས་སོར་ང་ཚོས་གོ་སྐབས་དམ་འཛིན་དང་དུས་ཚོད་སྤྱོད་ཤེས་བྱ་རྒྱུ་ནི་ཧ་ཅང་གི་ཁ་ཚ་དགོས་གཏུགས་ཀྱི་གཏམ་དུ་ཟད་དོ།།
29.02.2016 མཚན་མོར།

No comments:

Post a Comment