Friday 29 May 2015

གླུ་མ་ཁྱོད་སྐྱོ་དོན་མི་འདུག


_______ གླུ་མ་ཀླུ་མོ་འཚོ་ལགས། ཁམས་བཟང་། གཞན་གྱི་རྫུན་བཟོ་དེ་དག་ལ་ཁྱོད་རང་སྐྱོ་དགོས་དོན་དང་སྡུག་དགོས་དོན་ཁྱོན་ནས་མི་འདུག
ཉིད་ཀྱིས་ཉེ་སྔོན་ཕྱི་ཚེས་༢༥ཉིན་གནའ་མཁར་ཟི་ལིང་ནས་གུས་པའི་ཐལ་སྦྱར་དང་བཅས་འགྲེལ་བཤད་ཕྲན་བུ་ཞིག་བྲིས་འདུག་པ་དེ་མཐོང་ཡོད་ལ། དེ་བྲི་དགོས་དོན་གྱི་བྱ་ལས་ཕྲན་ཙམ་པ་དེའང་མཐོང་ཡོད།

སྔར་མི་ཞིག་ཁྱོད་ལ་ཧ་ཅང་དགའ་བ་ཡིན་ནམ། ཡང་ན། དེང་སང་ཁྱོད་ལ་ཁྱོན་ནས་མི་དགའ་བའང་ཡིན་ཡང་སྲིད། གང་ལྟར། འདི་ལྟ་བུ་དག་ནི་དེང་གི་ཅོལ་ཆུང་ཀླད་སྟོང་ཚོས་བྱ་བྱེད་ཉག་གཅིག་ཡིན་སྟབས།  དེ་ལ་སེམས་འཁྲུལ་བ་དང་སེམས་ན་བ། ཚིག་པ་ཟ་དོན་ཡང་ཁྱོན་ནས་ཡོད་པ་མ་རེད།

ལས་དབང་གིས་ཀླུ་མོ་འཚོ་ལ་སྤྲད་པའི་ཀླུ་མོ་འཚོ་ཡི་བྱད་བཞིན་མཛེས་པོ་དེ་སྔར་བཞིན་རང་སོར་ཡོད། ཨ་མ་ཡིས་ཀླུ་མོ་འཚོ་ལ་གནང་བའི་ཀླུ་མོ་འཚོ་ཡི་སྐྱེས་གཟུགས་དྲང་མོ་དེའང་སྔར་བཞིན་སོ་ན་གནས། ཁྱོད་རང་གིས་ཁྱོད་རང་ལ་བསྐྱངས་པའི་ཁྱོད་རང་གི་ལང་ཚོ་གཞོན་པ་དེའང་སྔར་བཞིན་ད་དུང་མཛེས། དེ་དང་དེ་དག་ལ་མི་གཞན་ཞིག་གི་ངོ་གདོང་ངོ་མ་དང་གཅེར་རྗེན་གསལ་བོའི་བརྙན་རིས་ཀྱིས་སྒྲོ་འདོགས་པ་ནི་ཅི་འདྲིའི་གླེན་པ་ལ་ཨང་།
            མ་གཞི། བརྙན་དེའི་ནང་གི་བུ་མོ་དེ་ནི་ཀླུ་མོ་འཚོ་ལ་ཅུང་ཙམ་འདྲ་བོ་ཡོད་སྲིད་ནའང་། དེ་དེ་དང་ཀླུ་མོ་འཚོ་ནི་ཀླུ་མོ་འཚོ་རང་ཡིན་སྟབས། དེ་ལ་རྦད་དེ་དོ་སྣང་ཙམ་བྱ་དགོས་དོན་ཡང་མི་འདུག གླུ་མ་ཀླུ་མོ་འཚོ། དེ་ལས་ང་ཚོའི་ལྷན་འཛོམས་འདི་ལ་ཨ་མ་སླེབས་སོང་སླེབས་སོང་།ཞེས་པ་སྙན་མོའི་ངག་ལ་ལན་གཅིག་ལོངས་དང་། ད་ལན་གྱི་བྱ་ལས་ཕྲན་པུ་དེ་འདྲར་ནི་སྐྱོ་དོན་དང་མི་དགའ་དོན་ཁྱོན་ནས་མི་འདུག་ཨང་། ཕྱོགས་གཞན་ཞིག་ནས་བསམ་ན་འདི་ནི་ཉིད་ཀྱི་སྙན་གྲགས་ལ་གཞོག་འདེགས་བྱས་པ་དང་ཡང་འདྲ་ཨང་།

སྔར་ཡང་། དེ་དང་དེ་འདྲ་བའི་འདྲ་པར་རྫུན་མ་མང་བོ་ཞིག་དྲ་བར་བཀྲམས་པ་རེད་ལ། ད་ལན་ཡང་དེ་ག་ཙམ་རེད། དོན་དམ། དེ་དག་ནི་ཅི་ལ་སྐྱོན་ཏེ་མི་སྐྱོན་ནོ།། བོད་ཀྱི་གཏམ་དཔེརཅི་བཤད་སྡེ་བའི་ཁ་རེདཟེར་བ་བཞིན་ནོ།། མི་བུ་རང་གིས་འདས་མ་ད་གསུམ་གྱི་བྱ་བྱེད་ལས་ལ་ནག་ནོག་མེད་ན་ནི་དེ་ཡིས་ཡོད་ཚད་དཀར་བོར་སྣང་ཞིང་གཙང་སེལ་བྱ་ནུས་སོ།། རྒྱུ་མཚན། རྫུན་མ་ནི་ནམ་ཡང་རྫུན་མ་དང་བདེན་པ་ནི་རྟག་ཏུ་བདེན་པ་ཡིན་པས་སོ།།
དེ་ལས་ཉེ་བའི་ཆར། དྲ་ཐོག་ཏུ་དངོས་མཐོང་བདེན་པ། ཆ་ཡོད་རྒྱུས་ཡོད། ས་གནས་ཡུལ་ལུང་དང་བཅས་པ་ཤེས་གསལ་གྱི་གཅེར་རྗེན་བརྙན་ཐུང་འདྲ་མིན་བཅོ་བརྒྱད་བཀྲམས་ནས་འགྲོ་བཞིན་པ་དེ་དག་ལ་ནི། རང་ལ་མོས་མཐུན་དང་འདོད་པ་ཡོད་ན་དེ་ག་རང་རེད་མ་གཏོགས། བརྡ་འཕྲིན་གི་བསླུ་བྲིད་རྒོད་པའི་དུས་ད་ལྟར་རང་གི་སྤྱོད་ལམ་ལ་རང་བདག་གིས་གང་སར་དམར་རྗེན་དུ་མ་འབུད་ཅིགཅེས་བོད་ཀྱི་མ་འོངས་པའི་ཨ་མ་དག་ལ་གསལ་འདེབས་ལན་གཅིག་ཀྱང་བྱས་པ་ཡིན།

28.05.2015

No comments:

Post a Comment