Saturday 29 July 2017

༄༅།། ཕྱག་འཚལ་བའི་ཕན་ཡོན།

 ༄༅། ། ན་མོ་གུ་རུ་བྷྱཿ ན་མོ་བུདྡྷ་ཡ། ན་མོ་ངྷརྨཱ་ཡ། ན་མཿསངྒྷཡ། བདག་གིས་མཆོག་གསུམ་དམ་པར་ཕྱག་འཚལ་ནས། ། བདག་ཅག་འགྲོ་ཀུན་སྡིག་སྒྲབ་འདག་པར་ཤོག །
ལག་གཉིས་མཉམ་པར་ཐལ་མོ་སྦྱར་བ་ཡིས། ། ཐབས་དང་ཤེས་རབ་ཟུང་འཇུག་འཐོབ་པར་ཤོག ། ཐལ་མོ་སྤྱི་བོའི་གཙུག་ཏུ་སྦྱར་བ་ཡིས། ། ཞིང་མཆོག་བདེ་བ་ཅན་དུ་སྐྱ་བར་ཤོག ། ཐལ་མོ་སྨིན་མཚམས་དཔྲལ་བར་སྦྱར་བ་ཡིས། ། ལུས་ཀྱི་སྡིག་སྒྲབ་ཐམས་ཅད་འདག་པར་ཤོག ། ཐལ་མོ་མགྲིན་པའི་ཐད་དུ་སྦྱར་བ་ཡིས། ། ངག་གི་སྡིག་སྒྲབ་ཐམས་ཅད་འདག་པར་ཤོག ། ཐལ་མོ་སྙིང་གི་ཐད་དུ་སྦྱར་བ་ཡིས། ། ཡིད་ཀྱི་སྡིག་སྒྲབ་ཐམས་ཅད་འདག་པར་ཤོག  ། ཐལ་མོ་སྦྱར་བ་སོ་སོར་ཕྱེ་བ་ཡིས། ། གཟུགས་སྐུ་གཉིས་ཀྱིས་འགྲོ་དོན་བྱེད་པར་ཤོག ། རྐང་གཉིས་པུས་མོ་ས་ལ་བཙུགས་པ་ཡིས། ། འཁོར་བ་ངན་སོང་གནས་ལས་ཐར་བར་ཤོག ། ལག་གཉིས་སོར་བཅུ་ས་ལ་བཙུགས་པ་ཡིས། ། ས་བཅུ་ལམ་ལྔ་རིམ་གྱིས་བགྲོད་པར་ཤོག །