Tuesday 17 November 2015

རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ།


ཕྱི་ཟླ་ ༡༡ ཚེས་ ༡༥ ཉིན་གྱི་སྔ་དྲོ་དྷ་ས་མེག་གྷན་དུ་ཡོད་པའི་ཀིརྟིའི་དགེ་རྩ་ཚོགས་པའི་ཞི་བདེ་ཚོགས་ཁང་ནང་། པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག་རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་དུས་དྲན་ཐེངས་ ༣༤ པ Day Of The Imprisoned Writers སྲུང་བརྩིའི་མཛད་སྒོར་བཞུགས་སྒར་དྷ་སའི་ཉེ་འགྲམ་གྱི་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་རྒྱུན་ལས་གཙོས། བོད་ཀྱི་སློབ་དཔོན་ཆེན་མོ་དང་རྩོམ་པ་པོ། གཞན་རིགས་སོགས་མི་གྲངས་ལྔ་བཅུ་ལྷག་ཅིག་འདུ་འཛོམས་བྱུང་།
ལྕགས་སྒྲོག་འོག་གི་གསེར་སྙུག་དབུ་འབྱེད་གནང་བཞིན་པ། 
དེ་ཡང་ གོང་ཚེས་ཉིན་པེན་བོད་ཀྱི་རྩོམ་པ་པའི་མཐུན་ཚོགས་ཀྱི་ཚོགས་མི་ཨ་རིག་འགྱུར་མེད་དང་། སྨིན་སྣང་མཛེས་གཉིས་ཀྱིས་བོད་ནང་གི་རྩོམ་པ་པོ་ཚེ་རིང་འོད་ཟེར་དང། ཆབ་སྲིད་བཙོན་ཟུར་དང་རྩོམ་པ་པོ་སྒྲོལ་མ་སྐྱབས་ཀྱི་རྩོམ་ཡིག་རེ་གྱེར་འདོན་གྱིས་དུས་དྲན་སྲུང་བརྩི་འགོ་འཛུགས་དང་། པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ངོས་ནས་རྒྱུན་ལས་རྡོ་རྗེ་ཚེ་རིང་ལགས་ཀྱིས་རྩོམ་སྒྲིག་གནང་བའི <<ལྕགས་སྒྲོག་འོག་གི་གསེར་སྙུག>>ཅེས་པ་རྒྱ་གཞུང་གི་བཙོན་འོག་གི་བོད་ཀྱི་རྩོམ་པ་པོའི་སྙན་ཐོའི་དཔེ་དེབ་དེ་དབུ་འབྱེད་གནང་པ་དང་། ... ...
པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཤེས་ཡོན་འགན་འཛིན་དང་ ནོར་གླིང་མཐོ་སློབ་ཀྱི་སློབ་སྤྱི་སྨན་ཤེར་བློ་གྲོས་ལགས་ཀྱིས་གསུང་དོན། པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ངོས་ནས་རྒྱལ་སྤྱིའི་བཙོན་འོག་གི་ཉིན་མོ་སྲུང་བརྩི་བྱེད་དགོས་པའི་མཛད་རིམ་དེ་ནི་བོད་ནང་གི་གྲགས་ཅན་རྩོམ་པ་པོ་གཉིས་ཀྱི་བརྩམས་ཆོས་གྱེར་ཀློག་གིས་དབུ་འབྱེད་བྱས་པ་ཡིན།  དེ་བཞིན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ངོས་ནས་དེ་རིང་གི་ཉིན་མོ་སྲུང་བརྩི་བྱེད་དགོས་པར་གནས་སྟངས་མ་འདྲ་བ་ཞིག་ཆགས་ཡོད།
གཅིག ང་ཚོ་བོད་ཀྱི་པེན་རྩོམ་པ་པོ་མཐུན་ཚོགས་ནི་བཙན་བྱོལ་ནང་གི་རྒྱལ་སྤྱིའི་རང་བཞིན་གྱི་ཚོགས་པ་ཞིག་དང་། རྒྱལ་སྤྱིའི་སྒང་ནས་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཆེན་པོ་གསུམ་གྱི་ནང་ནས་གཅིག་རེད། རྒྱལ་སྤྱིའི་ནང་ལོ་བརྒྱ་ལྷག་འགྲོ་བསྡད་ཡོད་པའི་ལོ་རྒྱུས་རང་བཞིན་གྱི་ཚོགས་པ་ཞིག་ཆགས་ཡོད་འདུག  
གཉིས། རྒྱལ་ཁབ་མི་འདྲ་བ་བརྒྱ་དང་བཅུ་ལྷག་གི་མཐུན་ཚོགས་ཀྱིས་གྲུབ་བསྡད་པའི་ཁྱབ་ཁོངས་ཀྱང་ཆེན་པོ་ཞིག་དང་། དེ་རིང་གི་ཉིན་མོ་འདི་རྒྱལ་སྤྱིའི་སྒང་ནས་རྩོམ་པ་པོ་ཁྲི་ལྔ་ལྷག་ཅིག་གིས་སྲུང་བརྩི་བྱེད་ཀྱིན་ཡོད་པ་རེད།  དེ་འདྲ་སོང་ཙང་། རྒྱུ་མཚན་དང་པོ། ང་ཚོ་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ངོས་ནས་དེ་རིང་གི་ཉིན་མོ་ནི་རྒྱལ་སྤྱིའི་རང་བཞིན་གྱི་ལས་འགུལ་ཆེན་པོ་ཞིག་ཡིན་པས་སྲུང་བརྩི་བྱེད་ཀྱིན་ཡོད། རྒྱུ་མཚན་གཉིས་པ། བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ངོས་ནས་རྩོམ་པ་པོ་དང་རྩོམ་སྒྲིག་རང་དབང་། རྩོམ་རིག་དང་འབྲེལ་བའི་ལས་གཞི་རྒྱ་ཆེན་ཞིག་རྩོམ་པ་པོ་མང་པོ་ཞིག་མཉམ་རུབ་ཀྱི་སྒང་ནས་ལས་རིམ་ཞིག་འགྲོ་བཞིན་པ་དང་། ལས་རིམ་གལ་ཆེ་ཤོས་ནི་ད་ལྟ་བཙོན་འོག་ཏུ་ཡོད་བསྡད་པའི་བོད་ཀྱི་རྩོམ་པ་པོ་རྣམས་ཀྱི་གནས་སྟངས་ཀྱི་སྐོར་ལ་ལས་འཆར་མང་པོ་ཞིག་ཡོད་པ་རེ་ཡིན།  
བོད་ནང་གི་རྩོམ་པ་པོ་ཞིག་གི་རྩོམ་ཡིག་གི་སྒང་ནས་དཀའ་ངལ་ག་རེ་ཕྲད་པ་ཡིན་ན། གནད་དོན་དེ་ནི་རྒྱལ་སྤྱིའི་རང་བཞིན་གྱི་རྩོམ་པ་པོ་མཐུན་ཚོགས་དང་དེའི་ཡན་ལག ཚོགས་པ་བརྒྱ་ལྷག་ཅིག་གི་ནང་ལོག་དང་། མཉམ་འབྲེལ་རྒྱལ་ཚོགས་གཙོས་རྒྱལ་སྤྱིའི་སྒང་གི་ཡོ་རོབ་མཐུན་ཚོགས་སོགས་སུ་དུས་གཅིག་ཏུ་གནས་སྟངས་དེ་གླེང་སློང་དང་སྙན་ཞུ། རྒྱབ་སྐྱོར་དགོས་པའི་ལས་འགུལ་ཞིག་སྤེལ་གྱི་ཡོད་པ་རེད། ལས་འགུལ་ཆེ་ཤོས་ནི་རྒྱལ་སྤྱིའི་པེན་གྱི་རྩོམ་པ་པོ་མཐུན་ཚོགས་ནས་སྤེལ་བསྡད་པ་ཞིག་རེད།
གཞན་ཡང་ པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱིས་བརྩམས་ཆོས་དང་འབྲེལ་བའི་ལས་འགུལ་སྤེལ་རྒྱུ་ནི། རྒྱ་ནག་གཞུང་གིས་ཛ་དྲག་གིས་བོད་ནང་གི་རྩོམ་པ་པོ་རྣམས་ཀྱི་བརྩམས་ཆོས་བཀག་སྡོམ་བྱས་ཏེ་འགྲེམས་སྤེལ་བྱེད་པར་དཀའ་ངལ་དང་། པར་བསྐྲུན་བྱས་རྗེས་འགྲེམས་སྤེལ་བཀག་འགོག་བྱེད་པའི་དཀའ་ངལ་སོགས་སུ་ཕྲད་ཀྱི་ཡོད་པ་རེད། འདིའི་རིགས་ནི་ཕྱི་ཡུལ་རང་དབང་ལུང་པའི་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ངོས་ནས་འགྲེམས་སྤེལ་དང་། སྐད་ཡིག་མང་པོ་ཞིག་ཏུ་ཡིག་བསྒྱུར་བྱས་ཏེ་འགྲེམས་སྤེལ་བྱེད་ཀྱིན་ཡོད།
ང་ཚོས་རྒྱལ་སྤྱིའི་རང་བཞིན་གྱི་ཚོགས་པ་དང་མཐུན་ཚོགས། འདུ་འཛོམས་ཀྱི་སྟེང་དུ་བོད་ནང་གི་སྐད་ཡིག་རང་དབང་དང་རྩོམ་འབྲིའི་རང་དབང་། རྒྱ་གཞུང་གི་བཙོན་འོག་གི་བོད་ཀྱི་རྩོམ་པ་པོ་སོགས་བསྒྲགས་གཏམ་སྤེལ་གྱི་ཡོད། དེ་བས་བོད་ནང་གི་རྩོམ་པ་པོ་གལ་ཆེན་དུ་བཟུང་ནས་དེ་རིང་གི་རྒྱལ་སྤྱིའི་ཉིན་མོ་འདིར་ང་ཚོས་ཡང་ལས་འགུལ་ཆེ་ཤོས་ཀྱི་ཉིན་མོར་སྲུང་བརྩི་བྱེད་ཀྱིན་ཡོད། གཞན་ཡང་། ང་ཚོས་བོད་ཀྱི་རྩ་དོན་གྱི་ཐོག་ནས་ལས་གཞི་གལ་ཆེ་ཤོས་ནི། བོད་ནང་གི་རྩོམ་པ་པོ་རྣམས་ཀྱི་བརྩམས་ཆོས་སུ་ངོས་འཛིན་བྱེད་ཀྱི་ཡོད། དུས་རབས་ཕྱེད་ཀའི་ནང་བོད་ནང་དུ་རྒྱ་ནག་གིས་དྲག་གནོན་བྱས་པའི་གནས་སྟངས། བོད་ནང་གི་ཞི་བའི་ལས་འགུལ་ལ་དྲག་གནོན། རྒྱ་ནག་གི་ཁྲིམས་དང་སྲིད་ཇུས་སྣ་མང་གི་འོག་ནས་བོད་ཀྱི་སྐད་ཡིག རྩོམ་རིག ཤེས་ཡོན་གྱི་སྡེ་ཁག་གཙོས་དེའི་ཉེན་ཁ་དང་དཀའ་ངལ་གྱི་རང་བཞིན་ཚང་མ་ང་ཚོས་གླེང་སློང་བྱེད་ཀྱིན་ཡོད་ལ། རྒྱལ་སྤྱིའི་རྒྱབ་སྐྱོར་སོགས་བྱས་བསྡད་ཡོད་པ་རེད། ང་ཚོ་ལ་དཀའ་ངལ་ཞིག་ཡོད་པ་ནི། བོད་ནང་གི་ཞི་བའི་ལས་འགུལ་ག་འདྲ་ཞིག་ཡིན་ནའང་། ལས་འགུལ་དེའི་ངོ་བོ། ལས་འགུལ་དེའི་རྒྱབ་ལྗོངས། ལས་འགུལ་དེའི་རྒྱུ་རྐྱེན། ལས་འགུལ་དེའི་ཁྱབ་ཚད། ལས་འགུལ་དེའི་ཤུགས་རྐྱེན་ལ་སོགས་པར་རྒྱ་ནག་གིས་འགྲེལ་བཤད་ཅིག་རྒྱབ། ཕྱི་ཡུལ་ནས་འགྲེལ་བཤད་ཅིག་རྒྱབ་དུས། དེ་འདྲའི་འགྲེལ་བཤད་ཆེན་པོ་གཉིས་ཀྱི་ནང་དུ། གསལ་བོ་མེད་པ་དང་རྙོག་འཛིངས་ཀྱི་རྣམ་པ་ཞིག་ཆགས་བསྡད་འདུག
དེ་ནི་དཔང་རྟགས་དང་གཏན་ཚིག རྒྱུ་མཚན་གསལ་བོའི་ཐོག་ནས་དཀར་འདོན་བྱེད་མཁན་ནི་བོད་ནང་གི་རྩོམ་པ་པོ་རྣམས་རེད། ཕྱི་ལོ ༢༠༠༨ ལོའི་བོད་ནང་གི་རྩོམ་པ་པོ་མང་པོ་ཞིག་གི་བརྩམས་ཆོས་ཀྱིས་གསལ་བྱེད་ཐུབ་པ་དང་། པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱིས་རྒྱལ་སྤྱིའི་རང་བཞིན་གྱི་མཛད་སྒོ་འདི་ཐོག་མར་དབུ་འཛུགས་བྱེད་དུས། བོད་ནང་གི་གྲགས་ཆེན་རྩོམ་པ་པོ་གཉིས་ཀྱི་བརྩམས་ཆོས་ཀྱི་སྒང་ནས་དབུ་འབྱེད་བྱས་ཡོད་པ་རེད། དེ་གཉིས་ནི་ཚེ་རིང་འོད་ཟེར་དང་སྒྲོལ་མ་སྐྱབས་གཉིས་ཀྱི་བརྩམས་ཆོས་ཡིན། སོང་ཙང་ བོད་ཀྱི་ཞི་བའི་འཐབ་རྩོད་ཀྱི་ལས་འགུལ་གྱི་ཐོག་ཏུ་གལ་ཆེ་ཤོས་ནི་བོད་ནང་གི་རྩོམ་པ་པོ་དང་བརྩམས་ཆོས་རེད།
གནད་དོན་མཐའ་མ་ནི་ང་ཚོས་ལོ་ངོ་ལྔ་བཅུ་ལྷག་གི་ནང་དུ། བོད་ནང་གི་རྩོམ་པ་པོ་དང་བརྩམས་ཆོས་གླེང་སློང་ཤུགས་ཆེན་བྱེད་མ་ཐུབ་པ་དང་། ཡང་ན མ་བྱས་པ་དང་ནུས་པ་ལྡན་པ་ཞིག་མ་ཐོན་པའི་སྒང་ནས་སྟོང་ཆ་ཆེན་པོ་ཞིག་ལྷག་བསྡད་ཡོད་པ་རེད། དཔེར་ན ཉེ་འཆར་གློད་གྲོལ་བཏང་བའི་རྒྱལ་སྤྱིའི་རང་བཞིན་གྱི་རྩོམ་པ་པོ་གྲགས་ཅན་ཨ་རིག་སྒྲོལ་མ་སྐྱབས་ལགས་བཙོན་ཁང་དུ་ལོ་བཅུ་ལྷག་ལ་བསྡད་པ། རྒྱལ་སྤྱིའི་རང་བཞིན་གྱི་གཟེངས་རྟགས་དང་བྱ་དགའ་མང་པོ་ཐོབ་མྱོང་བ། ཁོའི་བརྩམས་ཆོས་ཀྱང་སྐད་ཡིག་མང་པོའི་ནང་དུ་འགྲེམས་སྤེལ་བྱུང་ཡོད་པ་རེད།
ཡིན་ནའང་། ང་ཚོའི་གཞུང་དང་འཛིན་སྐྱོང་། གྲོས་ཚོགས་སོགས་ཀྱིས་གླེང་སློང་བྱས་འདུག་གམ། གླེང་སློང་བྱས་མི་འདུག འདི་ནི་རྩོམ་པ་པོ་ཞིག་གི་དཀའ་ངལ་ཡིན་པར་མ་ཟད། བོད་མི་རིགས་ཀྱི་དཀའ་ངལ། བོད་ཀྱི་ཤེས་ཡོན་པའི་དཀའ་ངལ་རེད་ལ། སྤྱིར་བཏང་ལོ་རྒྱུས་ཀྱི་ངོས་ནས་ཀྱང་སྟོང་ཆ་ཆེན་པོ་ཞིག་ལྷག་བསྡད་འདུག དེ་བས་ང་ཚོས་ངེས་པར་དུ་འབོད་སྒྲ་འདི་ནི་ཆེ་རུ་གཏོང་བ་དང་། ཁ་གསལ་དུ་གཏོང་བ། ཁྱབ་བརྡལ་ཆེ་རུ་གཏོང་བ་ནི་དེ་རིང་གི་ཉིན་མོ་འདི་སྲུང་བརྩི་ཞུས་པའི་རྒྱུ་མཚན་ཆེན་པོ་ཞིག་ཡིན།
དེ་རིང་ང་ཚོས་དམིགས་གསལ་གྱིས་ནམ་རྒྱུན་གྱི་དུས་དྲན་སྲུང་བརྩི་དང་མ་འདྲ་བར་གསར་གཏོད་བྱས་ཡོད། སྐུ་ངོ་ཞི་གམ་དཔོན་པོ་ཞིག ཡང་ན་གྲོས་ཚོགས་ཀྱི་མི་སྣ་ཞིག་གི་བཀའ་སློབ་དང་བཀའ་བཀྱོན་སོགས་ཉན་རྒྱུ་མ་ཡིན་པར་བྱས་ཏེ། ཚད་ལྡན་གྱི་རྩོམ་པ་པོ་དང་ཚད་ལྡན་གྱི་མི་རིགས་རང་བཞིན་གྱི་ཤེས་ཡོན་པ། རྒྱལ་སྤྱིའི་རང་བཞིན་གྱི་རྩོམ་པ་པོ་ཞིག་གི་བརྩམས་ཆོས་ནས་མགོ་བཟུང་སྟེ་དེ་རིང་ཉིན་མོ་འདི་སྲུང་བརྩི་བྱས་ཡོད་ལ། མཇུག་བསྡུ་བ་དེ་ཡང་བརྩམས་ཆོས་ཀྱི་སྒང་ནས་མཇུག་བསྡུ་བའི་མཛད་སྒོའི་ལས་རིམ་གསར་བ་ཞིག་གོ་སྒྲིག་བྱས་ཡོད།
དེ་བཞིན་དེ་རིང་འདིར་ཕེབས་པའི་སྐུ་མགྲོན་རྣམས་ཡང་སློབ་དཔོན་ཆེན་མོ་དང་ཤེས་ཡོན་པ། གསར་འགོད་པ་སོགས་ཡིན་པས་ཚོགས་ཞུགས་ཀྱི་གྲུབ་ཆའི་ཆ་ནས་ཡང་ཧ་ཅང་གིས་མ་འདྲ་བའི་གསར་བ་ཞིག་ཡིན་པས། ང་ཚོས་སྤྱི་ཚོགས་ནང་དུ་ཡང་རྣམ་པ་གསར་བ་ཞིག་ཆགས་པའི་རེ་བ་ཆེན་པོ་འཆང་གི་ཡོད་ཅེས་འགྲེལ་བརྗོད་གནང་

དེ་རྗེས་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་གཞོན་ཨ་རིག་དགེ་མཐོང་ལགས་ཀྱིས་ཉེ་ལམ་རྒྱལ་སྤྱིའི་པེན་གྱི་ཚོགས་ཆེན་ཐེངས་ ༨༡ པའི་ཐོག་བཞག་པའི་བོད་ཀྱི་རྩོམ་པ་པོའི་སྨྲ་བརྗོད་རང་དབང་སྐོར་གྱི་གྲོས་ཆོད་དང་ བསྒྲགས་གཏམ་དོན་ཚན་ ༥ སྤེལ་བའི་ཡོད་པ་དང་། གཅིག དཀོན་མཆོག་ཚེ་འཕེལ་གྱི་གཙོས་པའི་ཞི་བའི་ལམ་ནས་སོ་སོའི་སྨྲ་བརྗོད་རང་དབང་གི་ཐོབ་ཐང་སྤྱད་པའི་རྒྱུ་མཚན་ཉག་གཅིག་ལ་བརྟེན་ནས་བཙོན་འཇུག་བྱས་པའི་བོད་ཀྱི་རྩོམ་པ་པོ་དང་བོད་མི་གཞན་ཡོངས་འཕྲལ་དུ་གློད་ཀྲོལ་གཏོང་དགོས། གཉིས། བཙན་ཁྲིད་བཀག་ཉར་བྱས་པའི་བོད་ཀྱི་རྩོམ་པ་པོ་ལ་ཉེས་རྡུང་སོགས་སྡུག་སྦྱོང་མནར་གཅོད་གཏོང་རྒྱུ་མཚམས་འཇོག་དགོས། གསུམ། བོད་ནང་བསམ་བརྗོད་རང་དབང་གི་ཐོབ་ཐང་སྲུང་སྐྱོབ་བྱེད་དོགས། བཞི། བོད་ནང་གི་སྤྱི་ཚོགས་འབྲེལ་ལམ་དང་སློབ་ཁྲིད་ཆེད་བོད་ཀྱི་སྐད་ཡིག་བེད་སྤྱོད་གཏོང་མི་ཆོག་པའི་དམ་བསྒྲགས་ཕྱིར་འཐེན་བྱེད་དགོས། ལྔ། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་སྲུང་སྐྱོབ་དང་ཡར་རྒྱས་གོང་འཕེལ་ཡོང་སླད་ཐབས་ལམ་གང་འོས་སྤེལ་དགོས། ཞེས་འཁོད་ཡོད་སྐོར་བརྗོད་སོང་།
བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱུན་ལས་མཁན་པོ་རྫ་ཚེ་རིང་བཀྲ་ཤིས་ལགས་ཀྱིས་བཙོན་འོག་གི་རྩོམ་པ་པོ་རྣམས་ཀྱི་སེམས་ཚོར་དང་། ཁོང་གིས་སྔོན་མ་རྩོམ་ཡིག་བྲིས་པའི་རྐྱེན་གྱིས་རྒྱ་ནག་གི་བཙོན་ཁང་དུ་བསྡད་པའི་བརྒྱུད་རིམ་དང་བཙོན་ཁང་ནང་། བཙོན་གྲོགས་ཚོའི་དུ་བའི་ཤོག་སྒམ་ངོས་སུ་རྩོམ་འདྲ་མིན་བྲིས་ཏེ་བཙོན་གྲོགས་བོད་ཀྱི་རྩོམ་པ་པོ་རྣམས་སུ་སྐུར་བ། བཙོན་འོག་ཏུ་ཡོད་པའི་བོད་ཀྱི་རྩོམ་པ་པོ་ངོ་ཤེས་ཀྱི་ཡོད་པ་དང་འབྲེལ་གསུང་བཤད་གནང་པ་དང་།  བཙན་བྱོལ་ནང་གི་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་དེ་ཆོལ་ཁ་དང་ཆོས་ལུགས། སྐྱ་སེར་དབྱེར་མེད་ཀྱི་སྡིངས་ཆ་ཞིག་ཡིན་པ་དང་། ད་དུང་ཚོགས་མི་གང་མང་ཞུགས་ནས་དེ་ལས་ཀྱང་རྒྱ་ཆེ་བ་ཞིག་ཆགས་རྒྱུ་གལ་ཆེན་ཡིན་སྐོར་གསུངས་སོང་།
པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱུན་ལས་རྡོ་རྗེ་ཚེ་རིང་།
གཞན་ཡང་། འདི་ག་གསར་འགོད་པས་ལྕགས་སྒྲོག་གི་འོག་གི་གསེར་སྙུག་ཅེས་པའི་རྩོམ་སྒྲིག་པ་དང་། པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་རྒྱུན་ལས་རྡོ་རྗེ་ཚེ་རིང་ལགས་སུ་དེབ་འདིའི་ནང་བཙོན་འོག་རྩོམ་པ་པོ་ག་ཚོད་ཡོད་པ་དང་འབྲེལ་བའི་སྐོར་གྱི་བཅར་འདྲི་ཞུས་དོན། སྤྱིའི་ཆ་ནས་དེབ་ནང་དུ་བོད་ཀྱི་རྩོམ་པ་པོ་ ༦༠ ཡོད་པ་དང་། དེར་ལོ་རྒྱུས་ཆ་ཚང་རག་སོང་བའི་རྩོམ་པ་པོ་ ༤༡ དང་། ལོ་རྒྱུས་རྒྱུ་ཆ་ཆ་ཚང་མ་རག་པར་མཚན་ཐོ་གཅིག་པུ་བཀོད་པའི་རྩོམ་པ་པོ་ ༡༩ ཡོད།
དེབ་ནང་དུ་ནང་གསེས་ཀྱི་དབྱེ་བ་ནི། ༡༽ བཙོན་གྲོལ་ཐོབ་ཡོད་པའི་སྐོར། ༢༽ བཙོན་འོག་ཏུ་ཡོད་པའི་སྐོར། ༣༽ བཙོན་འོག་ཏུ་ཡོད་ཀྱང་ཁྲིམས་ཐག་བཅད་མེད་པའི་སྐོར། ༤༽ བཙོན་ཁང་དུ་མ་སོང་ཡང་རྩོམ་འབྲིའི་རང་དབང་བཀག་ཡོད་པའི་སྐོར་བཅས་ཚན་པ་ཆེན་པོ་བཞིར་བགོས་ཡོད་ཅེས་དང་། རྩོམ་པ་པོ་གྲོངས་སོང་བ་ཡོད་མེད་སྐོར་ལ་བརྗོད་དོན། ང་ཚོས་ཕྱོགས་སྒྲིག་བྱས་པའི་དེབ་ནང་གི་རྩོམ་པ་པོ་ ༦༠ ལྷག་ཡོད་པ་འདི་དག་ནི། ཕྱི་ལོ་ ༢༠༠༨ ས་བྱིའི་ཞི་རྒོལ་གྱི་སྔ་རྗེ་ནས་ཕྱི་ལོ་ ༢༠༡༥ ལོའི་ལོ་མཇུག་བར་གྱི་རྒྱ་གཞུང་གི་བཙོན་འོག་གི་བོད་ཀྱི་རྩོམ་པ་པོ་རྣམས་ཀྱི་ལོ་རྒྱུས་བསྡུ་སྒྲིག་བྱས་ཡོད་པས་ན། གྲོངས་ཡོད་མེད་ཀྱི་གནས་སྟངས་ད་སྔ་ལག་སོན་དང་ཤེས་རྟོག་བྱུང་མེད་ཅེས་འགྲེལ་བརྗོད་བྱས་སོང་།

འདི་ག་གསར་འགོད་པས་སྙན་ངག་གྱེར་འདོན་པ་ཁ་ཤས་སུ་གྱེར་འདོན་སྐབས་ཀྱི་ཚོར་སྣང་དང་དེ་གྱེར་དགོས་པའི་དམིགས་ཡུལ་བཅས་བཅར་འདྲི་བྱས་པ

ནོར་གླིང་མཐོ་སློབ་ཀྱི་སློབ་མ་བསོད་ནམས་ཚེ་རིང་ལགས།
ནོར་གླིང་མཐོ་སློབ་ཀྱི་སློབ་མ་བསོད་ནམས་ཚེ་རིང་ལགས་སུ་བཅར་འདྲི་ཞུས་དོན། དེ་རིང་ངས་གྱེར་བའི་སྙན་ཚིག་དེ་བོད་ཀྱི་རྩོམ་པ་པོ་གྲགས་ཅན་ཐེའུ་རང་ལགས་ཀྱིས་བརྩམས་པ་དང་། ཁོང་གི་བརྩམས་ཆོས་ <<ཁྲག་ཡི>> ལས་སྤྱི་ཟླ་བཅུ་གཅིག་པའི་སྙན་ངག་འདིའང་། ཟེར་བ་འདི་འདེམས་ཏེ་རྒྱལ་སྤྱིའི་རྩོམ་པ་པོའི་ཉིན་མོ་འདིར་འདི་འདྲ་ཞིག་གྱེར་ཁུལ་བྱས་པ་ཡིན། དེ་གྱེར་བའི་སྐབས་སུ་དམིགས་བསལ་གྱི་ཚོར་བ་ཞིག་སླེབས་པ་ནི། ཚིག་གི་སྡེབ་སྦྱོར་ཡིན་ན་ཆོག་གི ཐ་སྙད་བསྒྲིགས་སྟངས་ཡིན་ན་ཆོག་གི ཆབ་སྲིད་དང་འབྲེལ་བའི་སྙན་ངག་ཞིག་ཡིན་དུས། དེ་ལ་དམིགས་བསལ་གྱི་ཁྱད་ཆོས་ཤིག་འདུག ད་དུང་སྙན་ངག་དེ་ངའི་བློ་ངོས་སུ་ཡོད་པའི་དབང་དུ་བྱས་ན། ངའི་མིག་ཆུའང་བཞུར་ས་རེད་བསམ་གི རེད་དེ། དེ་རིང་ང་ཅུང་ཙམ་འཚབ་བཞག་ཐལ། རྒྱུ་མཚན། འདི་འདྲའི་མི་སྣ་གྲགས་ཅན་དང་། སྙུག་ཐོགས་པ་དུ་མ་ཞིག་གི་དཀྱིལ་ནས་སྙན་ངག་ཞིག་གྱེར་ན། དེ་འདྲའི་ལས་སླ་བོ་ཞིག་གང་ན་ཡིན། ངས་ཚོར་བ་དངོས་མ་དེ་ཤེས་ཐུབ་པ་མ་གཏོགས། བཤད་མི་མཁས་པའི་རྐྱེན་པས། ད་དམིགས་བསལ་ཅིག་བཤད་འཇོག་རྒྱུ་མེད་ཁུ་ཅེས་འགྲེལ་བརྗོད་གནང་སོང་།
ཚོགས་འདུའི་ཟུར་ཞིག་དང་སྨིན་སྣང་མཛེས་ལགས།
སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གི་ལས་བྱེད་སྨིན་སྣང་མཛེས་ལགས་སུ་བཅར་འདྲི་ཞུས་དོན། ངས་གྱེར་བའི་སྙན་ངག་དེ་ནི་བོད་ནང་གི་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས་བརྩམས་པའི་༼ཕམ་མྱོང་། ངུས་མ་མྱོང་།༽ཞེས་པ་དེ་ཡིན། ང་རང་བོད་ནས་འཚར་ལོངས་བྱུང་བ་ཡིན་པ་དང་རྩོམ་རིག་ཐོག་དོ་སྣང་ཡོད་པ་ཞིག་ཡིན་པས། བཙན་བྱོལ་དུ་འབྱོར་བ་ནས་དམིགས་གསལ་གྱིས་བོད་ནང་གི་རྩོམ་པ་པོའི་རྩོམ་རིག་སྐོར་ལ་དོ་སྣང་ཤུགས་ཆེན་བྱུང་སོང་། ཁོ་ཚོར་མཚོན་ན་དངོས་སུ་མཐོང་བ་དང་མྱང་བའི་ཚོར་བ་ཡིག་ཐོག་ཏུ་ཕབ་ཡོང་དུས་ང་ལ་དམིགས་གསལ་གྱིས་ཚོར་བ་མ་འདྲ་བ་ཞིག་སླེབས་ཀྱི་ཡོད་པ་བཅས་བརྗོད་སོང་།
ཚོགས་མི་བསྟན་འཛིན་ཆོས་དབྱིངས་ལགས།
པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་ཀྱི་རྒྱུན་ལས་ཟུར་བ་བསྟན་འཛིན་ཆོས་དབྱངས་ལགས་སུ་བཅར་འདྲི་ཞུས་དོན། ངའི་དེ་ནི་སྙན་ངག་མིན། བོད་ནང་གི་རྩོམ་པ་པོ་ཐེའུ་རང་བཙོན་ཁང་དུ་ཡོད་དུས། ཞོགས་ལྗང་གིས་བོད་ནང་གི་སྤྱི་ཚོགས་གནས་སྟངས་ཀྱི་དགའ་སྐྱོ་མང་པོ་ཞིག་ཡིག་གེར་བྲིས་ཏེ་ཁོང་ལ་བཏང་བའི་སྐོར་རེད། ངས་དེའི་ནང་དུ་དུམ་ཚན་གཉིས་དང་ཕྱེད་ཀ་ཞིག་ཀློག་འདོན་བྱས་པ་ཡིན། སྐབས་དེར་ང་ལ་ཧ་ཅང་གིས་སེམས་སྐྱོ་བའི་ཚོར་བ་ཆེན་པོ་སླེབས་བྱུང་བཅས་བརྗོད་སོང་།

མཇུག་ཏུ་བོད་ནང་གི་རྩོམ་པ་པོ་གཉན་དང་། ཐེའུ་རང་། ཞོགས་ལྗངས་བཅས་ཀྱི་སྙན་ངག་རེ་སྒྱུ་རྩལ་པ་ཙ་རྐང་དྲུག་དང་བསྟན་འཛིན་ཆོས་དབྱངས་གཉིས་ཀྱིས་གྱེར་འདོན་བྱས་ཏེ་དུས་དྲན་སྲུང་བརྩི་མཇུག་བསྡུས་པ་བཅས་སོ།།
ཉིན་དེའི་ཚོགས་ཞུགས་པ་ཁག་ཅིག་གི་ལྷན་པར།

ཉིན་དེར་འཛོམས་པའི་ཚོགས་མི་ཁག་ཅིག་གི་ལྷན་པར།


གསར་འགྱུར་<ཤམ་བྷ་ལའི་ཕོ་ཉ་>དྲ་ཚིགས་སུ་རྩ་འཛིན་བྱས། 
གསར་འགོད་པ། ཆོས་ཉིད།

No comments:

Post a Comment