Monday 14 November 2016

ལྕགས་སྒྲོག་འོག་གི་གསེར་སྙུག་གི་མཇུག་བྱང་།

རྡོ་རྗེ་ཚེ་རིང་། [ དྷ་རམ་ཤ་ལ།]

༄༅།། རང་གི་བསམ་ཚུལ་ཕྲན་ཚེགས་འདི་དག་ནིབློ་དང་ལྡན་པ་དག་ཉེས་པའི་གཞི་རུ་འགྱུར་མི་སྲིད་ནའང་། གང་ལེགས་པར་སྒྲུབ་པའི་མཐའ་དོན་ན ད་དུང་དུའང་ཡིད་མ་ཁེངས་པའམ་བློ་མ་ཚིམ་པའི་ཟུག་གཟེར་དག་གིས་རྒྱུ་མ་ཕུ་འདེད་བྱ་བར་དྲན་སྐུལ་གང་ཞིག་བྱེད་པ་དང་མཚུངས། འདི་ནི། ང་ཚོས་ངེས་པར་དུ་ཡིག་ཚགས་ཤིག་གི་རྣམ་པར་ཉར་དགོས་པའི་རིགས་ཤིག་དང་། ལོ་རྒྱུས་ཀྱི་གླེགས་བམ་ངོས་ལ་གསེར་གྱིས་བཞེངས་དགོས་པའི་དོན་གནད་ཅིག་ཀྱང་ལགས། གལ་གནད་ཧ་ཅང་ཆེ་བའི་ལས་འཆར་འདིའི་སླད། ངེད་ཅག་རྒྱུན་ལས་པ་རྣམས་ལྷན་འཛོམས་ཀྱིས་གྲོས་བསྡུར་ཡང་ཡང་བྱས་ནའང་།  རྒྱ་གཞུང་གི་བཙོན་དུ་ཚུད་པའི་བོད་ཀྱི་རྩོམ་པ་པོའི་སྐོར་”ཞེས་མཛུབ་མོ་རི་སྟོན་ཙམ་ལས་གཞི་འཛིན་སའི་ལོ་དུས་གཏན་འཁེལ་ཁ་གསལ་མ་ཐུབ་པ་དང་། གང་རྩོམ་སྒྲིག་བྱ་བའི་གོ་རིམ། ཇི་ལྟར་སྒྲིག་པའི་མཐའ་དོན་དང་བཅས་པའི་རི་མོ་དེ་རབ་རིབ་ངང་ལུས། དེ་མཚུངས་མིང་བཏགས་ཕྱག་རོགས་ཆེ་བ་གང་ཉིད་ཡུལ་དང་དུས་ཚོད་ཀྱིས་བསྐལ་བས། མཐར་ཡོད་ཚད་ནས་ཐམས་ཅད་རང་གི་ཕྲག་སྟེང་དུ་ལྷུང་བའམ་རང་བཞིན་གྱིས་ལེན་དགོས་པ་ཞིག་ཏུ་འཁུམས།
 སྤྱིར་ན། ཕྱི་ལོ་ ༡༩༥༩ ཡི་སྔ་གཞུག་ཀུན་ཏུ་བོད་ཀྱི་ཡིག་མཁན་རྣམས་དང་། བླ་མ་མཁས་པ་འཇོན་འཇོན་ཕལ་མོ་ཆེ་རྩེ་བཏོག་གིས་རྒྱུ་གཞུང་གི་བཙོན་དུ་བཅུག་སྟེ། སྡུག་སྦྱོང་མནར་གཅོད་མྱང་ཞིང་མང་པོ་ཞིག་བཙོན་འོག་ནས་འདས་གྲོངས་སུ་ཕྱིན་ཡོད་ནའང་། བུ་ངན་པར་ཕ་ཡི་ལོ་རྒྱུས་མི་གསལ་པའི་དཔེ་བཞིན་མ་ངེས་པ་སོགས་རྐྱེན་དུ་མའི་དབང་གིས་སོར་བཞག་གིས་དེབ་འདིར་ཉེ་བའི་ཆར་ཏེ། བོད་ཀྱི་ས་བྱིའི་ཞི་རྒོལ་ཆེན་མོའི་སྔ་གཞུག་གཙོས། ཕྱི་ལོ་༢༠༡ལོའི་ལོ་མཇུག་བར་གྱི་བྱུང་བ་ཁོ་ན་སྟེ། དེ་ལས་ཀྱང་གློག་བརྙན་འཁྲབ་ལེན་པའི་རིགས་དང་། གཞས་པ་དང་བཞད་གར་སྒྱུ་རྩལ་པའི་རིགས། སྲོལ་རྒྱུན་ལག་ཤེས་པའི་སྡེ་ཚན་པའི་རིགས་སོགས་རྒྱའི་བཙོན་འོག་གི་བོད་ཀྱི་བཙོན་པ་མང་པོ་ཞིག་རྒྱ་གཞུང་གི་བཙོན་དུ་ཚུད་པའི་བོད་ཀྱི་རྩོམ་པ་པོའི་སྐོར་”ཞེས་པའི་དེབ་འདིར་བསྡུ་ཐབས་བྲལ་བའོ།།
རྣམ་པ་གཅིག་ཏུ་ན། ཇ་ཐོམ་ཇ་དང་ཆུ་ཐོམ་ཆུ་མི་བྱེད་པའི་འོ་སྐོལ་གྱི་གཅིག་ལྕོགས་གཉིས་ལྕོགས་ཀྱི་འགྲོ་སྟངས་རྫོབ་པོ་འདིས། བྱ་ལས་གང་མང་མང་ཞིག་འཐུས་ཤོར་འགྲོ་བར་རྒྱུ་རྐྱེན་གང་ཞིག་བྱས་དང་བྱེད་ཀྱིན་པ་གདོན་མི་ཟ་བ་ཉིད་ཀྱི་ཕྱི་ནང་ཞིག་ལའང་བསམ་བློ་ཡན་པར་གྱུར། དེ་བས་ན། ཐོག་མརསྙན་ཐོ་འདིའི་ནང་གནས་སྟངས་གསལ་འཁོད་བཙོན་འོག་གི་རྩོམ་པ་པོ་རྣམས་གཙོས་པའི་སྐྱེས་བུ་རླབས་ཆེན་དག་གི་མཛད་རྗེས་ལ་ལྷག་བསམ་ལྷད་མེད་ཀྱིས་གོང་བཀུར་ཡི་རང་ཞུ་བ་དང་། དེ་ཡང་། འདིར་ཡུལ་དུས་ཀྱིས་བསྐལ་བའི་དབང་གིས་རྣམ་པ་ཚོའི་ལོ་རྒྱུས་བསྡུ་རུབ་ཚད་ལྡན་མ་ཐུབ་ནས་ཆད་པ། བརྒྱུད་ལམ་སྣ་ཚོགས་ནས་ཕྱོགས་བསྡུའི་སྐབས་ནོར་འཛོལ་བྱུང་བ། དགོས་མེད་དང་འབྲེལ་མེད་དུ་གྱུར་རིགས་བསྣན་པ་སོགས་དང་། འཛིན་བཟུང་། བཙོན་འཇུག བཙོན་གྲོལ་སོགས་ཀྱི་ལོ་ཚིགས་དང་། འཛིན་ཡུལ། གློད་ཡུལ། འཛིན་དགོས་པའི་རྒྱུ་རྐྱེན། གང་ཞིག་བརྩམས་པའི་རྩོམ་ཡིག་དང་དེབ་སོགས་ཀྱི་མཚན་བྱང་སོགས་ལ་ཞིབ་ནན་གང་ཐུབ་བྱས་པའི་ཁུལ་ཡིན་ཡང་། ད་དུང་དུའང་མ་སྙོབས་ས་དང་ནོར་འཁྲུལ་མང་པོ་ལྷག་ཡོད་ངེས་ལགས་ན། ཚང་མར་སྙིང་ཁོང་རུས་པའི་གཏིང་ན་དགོངས་སེལ་ཞུ་བ་ལགས།
ལར་ནས། བཀུར་འོས་རྩོམ་པ་པོ་གང་འཚམ་ཞིག་གི་གནས་ཚུལ་སྐོར་ཕྱི་ནང་གི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་མ་སླེབས་པའམ། སླེབས་ཀྱང་གནས་སྟངས་ཞིབ་ཕྲ་མ་ཤེས་པ་སོགས་ཀྱི་དབང་གིས། ཚགས་ཚུད་བྱ་ཐབས་མ་བྱུང་བའང་དུ་མ་ཡོད། དཔེར་ན། མདོ་སྨད་རྨ་ཆུ་རྫོང་ནས་རྩོམ་པ་པོ་སྐྱབས་ཆེན་བདེ་གྲོལ་གྱིས་གཙོས་པའི་སློབ་གཙོ་དང་སློབ་གཙོ་གཞོན་པའི་གོ་གནས་ཅན་གྱི་རྩོམ་པ་པོ་མི་གསུམ་དུས་གཅིག་ལ་ལས་ཀ་ནས་གནས་དབྱུངས་བཏང་པ་དང་། ཡང་། རྔ་བ་ཁུལ་དུ་རྩོམ་པ་པོ་ཀིརྟི་སྐྱབས་ཀྱིས་གཙོས་པའི་དགེ་རྒན་གསུམ་ཉིན་གཅིག་ལ་འཛིན་བཟུང་བྱས་པ། ཁྲིན་ཏུའུ་ནས་རྩོམ་པ་པོ་སྒོ་ཡོན་གྱིས་གཙོས་པའི་རྩོམ་པ་པོ་དགེན་འདུན་པ་གསུམ་ལ་གཅར་རྡུང་ཚད་མེད་བཏང་མཐར་བཙོན་འཇུག་བྱས་པ་དང་། ད་དུང་དགུང་ལོ་ ༨༡ སྟེང་འཛིན་བཟུང་བྱས་ཏེ་ལོ་ ༧ གྱི་ཁྲིམས་ཆད་བཅད་པའི་བོད་ཀྱི་སྲོལ་རྒྱུན་དཔར་སྐྲུན་པ་དང་རྩོམ་པ་པོ་དཔལ་འབྱོར་ནོར་བུ་ལགས་དང་། ཕྱི་ལོ་ ༢༠༡༡ ཟླ ༡༠ ཚེས ༡༩ ཉིནལན་ཀྲུའུ་ཉེན་རྟོག་པས་འཛིན་བཟུང་བྱས་པའི་རྩོམ་པ་པོ་དང་རྩོམ་སྒྲིག་པ་གཅོད་པ་ཀླུ་རྒྱལ་ལམ་མེ་ལྕེ། ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༡༨ ཉིན་འཛིན་བཟུང་བྱས་ཤིང་ ཕྱི་ལོ་ ༢༠༡༡ ཟླ་ ༦ པར་རྔ་བ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ལོ་གཉིས་རིང་དུས་བཅད་ཁྲིམས་ཆད་ཁུར་བའི་དགེ་རྒན་རྩོམ་པ་པོ་ཆོས་འཕེལ། ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས༡༨ ཉིན་འཛིན་བཟུང་བྱས་ཤིང་། ཕྱི་ལོ་ ༢༠༡༡ ཟླ་ ༦ པར་སི་ཁྲོན་རྔ་བ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ལོ་གཅིག་དང་ཟླ་བརྒྱད་ཀྱི་ཁྲིམས་ཆད་བཅད་པའི་དགེ་རྒན་རྩོམ་པ་པོ་སྟག་དམར། ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༡༨ ཉིན་འཛིན་བཟུང་བྱས་ཤིང་། ཕྱི་ལོ་ ༢༠༡༡ ཟླ་ ༥ ར་སི་ཁྲོན་རྔ་བ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ལོ་གསུམ་གྱི་ཁྲིམས་ཆད་བཅད་པའི་རྩོམ་པ་པོ་དང་རྩོམ་སྒྲིག་པ་དགེ་འདུན་སྐྱབས། ཕྱི་ལོ་ ༢༠༡༠ ཟླ༣ ཚེས་ ༡༨ ཉིན་འཛིན་བཟུང་བྱས་ཤིང་། ཕྱི་ལོ་ ༢༠༡༡ ཟླར་རྔ་བ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ནས་ལོ་གཉིས་རིང་ཁྲིམས་ཆད་བཅད་པའི་རྩོམ་པ་པོ་དང་ཡིག་བསྒྱུར་བ་བསོད་ནམས། ཕྱི་ལོ་ ༢༠༡༠ ཟླ༣ ཚེས ༡༨ ཉིན་འཛིན་བཟུང་བྱས་ཤིང་། ཕྱི་ལོ་ ༢༠༡༡ ཟླར་སི་ཁྲོན་རྔ་བ་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་ལོ་གཅིག་དང་ཟླ་བརྒྱད་ཀྱི་ཁྲིམས་ཆད་བཅད་པའི་དགེ་རྒན་རྩོམ་པ་པོ་རྡོ་རྗེ་ཚེ་རིང་། ཕྱི་ལོ་ ༢༠༡༠ ཟླ ༣ ཚེས ༡༨ ཉིན་འཛིན་བཟུང་བྱས་ཏེ་ལོ་གཉིས་རིང་ཁྲིམས་ཆད་བཅད་པའི་ན་གཞོན་དགེ་རྒན་རྩོམ་པ་པོ་རྟ་མགྲིན་རྒྱལ། ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས༡༧ ཉིན་འཛིན་བཟུང་བྱས་ཤིང་། ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༦ ཉིན་གྱི་རྔ་བ་མི་མང་གི་ངོ་རྒོལ་ཐད་ཀྱི་རྩོམ་ཡིག་ཚགས་པར་སྟེང་དུ་སྤེལ་བའི་རྐྱེན་གྱིས་ལོ་གཉིས་རིང་ཁྲིམས་ཆད་བཙོན་འཇུག་བྱས་པའི་ན་གཞོན་རྩོམ་སྒྲིག་པ་དང་རྩོམ་པ་པོ་སོ་རུ ཕྱི་ལོ་ ༢༠༡༠ ཟླ་ ༣ ཚེས་ ༡༧ ཉིན་འཛིན་བཟུང་བྱས་ཤིང་། ཕྱི་ལོ་ ༢༠༠༨ ཟླ་ ༣ ཚེས་ ༡༦ ཉིན་གྱི་རྔ་བ་མི་མང་གི་ངོ་རྒོལ་ཐད་ཀྱི་རྩོམ་ཡིག་ཚགས་པར་སྟེང་དུ་སྤེལ་བའི་རྐྱེན་གྱིས་ལོ་གཉིས་རིང་ཁྲིམས་ཆད་བཙོན་འཇུག་བྱས་ན་གཞོན་རྩོམ་སྒྲིག་པ་དང་རྩོམ་པ་པོ་ཡར་རྒྱས། ཕྱི་ལོ་ ༢༠༠༦ ལོར་ཕྱིར་ཕ་ཡུལ་དུ་ལོག་པས་འཇུ་བཟུང་བྱས་ཤིང་ཕྱི་ལོ་ ༢༠༡༢ ཟླ་ ༡༠ ཚེས༤ ཉིན་ནག་ཆུ་རྫོང་དུ་རང་ལུས་མེར་བསྲེགས་བཏང་པའི་རྩོམ་པ་པོ་དགུ་འགྲུབ།  གསེར་རྟ་བརྙན་འཕྲིན་ཁང་གི་གསར་འགོད་བསྡུ་སྒྲིག་པ་དང་རྩོམ་པ་པོ་ཡིན། ཁོང་ཕྱི་ལོ་ ༢༠༠༨ ལོར་རྒྱ་གཞུང་གིས་འཇུ་བཟུང་བྱས་པའི་རང་འབྱུང་ འབར་ཁམས་མི་རིགས་དགེ་ཐོན་སློབ་གྲྭའི་སློབ་གཙོ་རྩོམ་པ་པོ་ཨ་རྒྱསོགས་མི་ ༡༣ གྱིས་གཙོས་རྩོམ་པ་པོ་རེ་རེའི་གནས་ཚུལ་ཆ་ཚང་བ་མ་རག་པ་ཧ་ཅང་མང་པོ་ཡོད་ དོན་དངོས་སུ་འདི་ནི་ཧ་ཅང་འབྲི་དཀའ་བའི་ཟིན་བྲིས་རིགས་ཤིག་སྟེ བོད་ཀྱི་རྩོམ་མཁན་དག་ནི་གསང་རྒྱ་ཆེན་པོས་འཛིན་བཟུང་བྱེད་ཅིང་། གསང་རྒྱ་ཆེན་པོས་བཀག་སྐྱིལ་བྱས་པ། གསང་རྒྱ་ཆེན་པོས་ཉེས་ཆད་གཅོད་ཅིང་། ཐ་ནགསང་རྒྱ་ཆེན་པོས་གར་སོང་ཆ་མེད་དུ་གྱུར་དང་འགྱུར་བཞིན་པས་ནདེ་དག་རེ་རེ་ཅིས་ཀྱང་འཚོལ་ཐབས་ནར་མར་བྱེད་དགོས་ལ་རྙེད་ཀྱང་དགོས། དེ་མ་ཟད་། ལོ་རྒྱུས་ཀྱི་དེབ་ཐེར་དུའང་འཁོད་ཐུབ་པ་བྱ་རྒྱུ་འདི་ནི། ང་ཚོ་སྟེ་ཤི་བའི་རྗེས་ཀྱི་གསོན་པོ་དག་གིས་ངེས་པར་དུས་རྒྱུན་འཚོལ་ཞིབ་དང་མཉམ་འཇོག་བྱ་དགོས་པའི་གནད་དོན་ཞིག་ཀྱང་ཆགས་ཡོད་པར་སེམས།
ཕྱོགས་གཞན་ཞིག་ནས་བཤད་ན། ད་ལམ་ཕྱོགས་བསྡུ་དང་རྩོམ་སྒྲིག་གི་གྲུབ་དོན་འདིའི་ནང་། རང་ཉིད་ཀྱི་བརྩོན་པ་དང་ནུས་པ། ཤེས་ཡོན་བཅས་ཀྱིས་མ་སྙོབས་ནས་ཆད་ལྷག་ནོར་གསུམ་གང་འཚམ་བྱུང་ཡོད་ངེས་ནའང་། མེད་པ་ལས་ཡོད་པའི་རྣམ་པ་ཙམ་འདིར་ཡང་རིན་ཐང་ངེས་ཅན་ཞིག་ཡོད། ད་ལྟའི་རིམ་པ་འདི་བརྒྱུད་ནས་མ་འོངས་པ་ན་འདི་འབྲེལ་ཡིག་ཚགས་ཆ་ཚང་བ་ཞིག་ཡིག་འཇོག་ལ་ངེས་པར་སྨན་ངེས། གང་གིས་ན། རུ་མ་ཉུང་ངུ་ལས་ཞོ་ཟོ་གང་ཆགས་ཐུབ་པའི་དཔེ་བཞིན་ཧམ་སེམས་ཅི་བས་ཆེ་བ་ཞིག་བཟུང་སྟེ། རེས་གཟའ་ཉི་མ་དང་ལས་ཀའི་རྒྱུན་གྱི་བར་གསེང་སྤྱད་དེ་ལས་དོན་འདིར་ངལ་བ་ཅུང་བྱས་པ་ནི། དང་པོ་ནས་ཁུར་དུ་མ་བསམ་རྒྱན་དུ་བསམ་པས་རང་ནུས་ཅི་ལྕོགས་ཀྱི་འབད་པ་དེ་ཡང་ངང་ངམ་ཤུགས་ཀྱིས་ཐོན དེའི་མུ་ལ་རང་གི་ལྟ་སྟངས་དབང་བཙན་དུ་བྱས་ན། དག་པ། གསལ་བ། ཁུངས་འཕེར་བའི་ཚད་ཀྱིས་ཕྱོགས་གཅིག་ཏུ་སྤུངས་པའི་ཁུལ་ཡིན།
མཐར། དྲང་བདེན་གྱི་སྤྱན་དང་ལྡན་པའི་གཞུང་དང་སྒྲིག་འཛུགས། མི་སྒེར་དག་གིས་ནི། བོད་གངས་ཅན་ལྗོངས་ཀྱི་རྩོམ་པ་པོ་དག་གི་སྨྲ་བརྗོད་རང་དབང་ལ་ལྕགས་མཁར་སྒོ་མེད་ཀྱིས་བསྐོར་ནས་ཡོད་པའི་གནས་བབ་དང་། དྲག་པོའི་དཔུང་གིས་ཞི་བའི་མི་དམངས་ལ་བརྙས་བཅོས་དང་མནར་གཅོད་གཏོང་བྱེད་དུགློག་དབྱུག་དང་གློག་གི་རྐུབ་སྟེགས། ལྕགས་ཀྱི་སྟག་” ལ་སོགས་པ་དམྱལ་བ་མི་ཡུལ་ལ་སླེབས་པ་ལྟ་བུའི་བཙོན་ལས་སྣ་དགུས་ཉིན་མཚན་ལྟོས་མེད་དུ་མནར་གཅོད་བཏང་དང་གཏོང་བཞིན་པའི་གནས་སྟངས་སྤྱི་དང་བྱེ་བྲག་ལ། འཇིགས་པ་མེད་པའི་ཚོར་ཤུགས་དང་འབྲེལ་བའི་མཉམ་ལས་མུ་མཐུད་ནས་གནང་བའི་ཡིད་ཆེས་དང་རེ་སྐུལ། དེ་བཞིན་དུ། བོད་ཕྱི་ནང་གི་ཤེས་ལྡན་པ་གང་ན་ཅི་ཡོད་ཚང་མས་ཀྱང་། ཁོང་ཅག་གི་གནས་བབ་དང་གནས་ཚུལ་བརྩད་གཅོད་ཀྱིས་ཁྱབ་སྤེལ་ཐད་ནུས་པ་མི་དམན་པ་རེ་འདོན་འི་ཡིད་ཆེས་དང་རེ་འདུན་ཤུགས་དྲགས་ཞུ་རྒྱུ་བཅས།  

ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༨ ཉིན་རྩོམ་སྒྲི་པས།

No comments:

Post a Comment