Wednesday 20 August 2014

རང་དབང་གི་པར་བ་ཞིག་གིས་ལས་དོན་ཐོག་བཟུང་བའི་དམིགས་ཚད།

འདོན་སྤེལ། ༢༠༡༤/༠༨/༡༨
འདི་ལོའི་ལ་དྭགས་དུས་དབང་དང་བསྟུན་ཏེ་གསར་འགོད་པས་སོག་ཡུལ་དུ་གནས་སྡོད་བོད་རིགས་རང་དབང་གི་པར་བ་བསྟན་འཛིན་དཔལ་འབྱོར་ལགས་སུ། ཁོ་རང་ཐོག་མར་པར་གྱི་ལས་དོན་ལ་འཇུག་སྟངས་དང་བརྒྱུད་རིམ་སྐོར་ལ་བཅར་འདྲི་ཞུས།
དྲི་བ། ཐོག་མར་ཁྱེད་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།
ལན། ངའི་མིང་ལ་བསྟན་འཛིན་དཔལ་འབྱོར་ཟེར་གྱི་ཡོད། ཆུང་དུས་རྡོ་རྗེ་གླིང་དུ་འཚར་ལོངས་བྱུང་རྗེས་འཛིན་རིམ་བཅུ་གཉིས་པར་ས་གནས་ཀྱི་
བོད་གཞུང་སློབ་གྲྭར་ཕྱིན་པ་ཡིན། ༡༩༩༣ ལོར་བྷིང་ལོར་གཙུག་ལག་སློབ་ཆེན་ (North Bengal University)ཐོན་རྗེས་བལ་ཡུལ་ནང་ལོ་གསུམ་དང་ལྡི་ལི་ལོར་གཉིས་རིང་ཀརྨ་བཀའ་བྲིས་ཀྱི་ཐང་གར་སློབ་སྦྱོང་བྱས་པ་ཡིན། ༡༩༩༧ ལོ་ཙམ་ནས་པར་རྒྱག་མགོ་བརྩམས་ཤིང་། རྗེས་སུ་ཨ་རིར་ཕྱིན་ཏེ་ལོ་ལྔ་ཙམ་བསྡད་པ་ཡིན། ༢༠༠༩ ལོར་ཕྱི་སོག་གི་རྒྱལ་ས་ཨོ་ལིམ་པ་ཋོར་ཏུ་ཕྱིན་ཏེ་ད་ལྟ་དེ་གར་ལས་ཀ་བྱེད་བཞིན་ཡོད། ང་རང་འདས་པའི་ལོ་བཅོ་ལྔ་ཉི་ཤུའི་རིང་རྒྱལ་ཁབ་མང་པོའི་ནང་སྐོར་སྐྱོད་བྱས་ཏེ་པར་བརྒྱབ་པ་ཡིན། དམིགས་ཡུལ་གཙོ་བོ་པར་རིས་དང་འགྲེལ་བཤད་སྦྲགས་མའི་ལོ་རྒྱུས་ཡིག་ཆ་བཟོ་རྒྱུ་དེ་ཡིན།
དྲི་བ། ཁྱེད་ཀྱིས་ཐོག་མར་པར་རྒྱག་པའི་ལམ་བུ་འདི་ཇི་ལྟར་བདམས་པ་ཡིན་ནམ།
ལན། སྤྱིར་བཏང་ང་རང་ཆུང་དུས་རི་མོར་དགའ་བོ་ཡོད། བལ་ཡུལ་ནང་སྡོད་སྐབས་རི་མོ་སྦྱོང་ཞོར་དུ་པར་ཆས་ཆུང་ཆུང་ཞིག་ཉོས་ཏེ་པར་རྒྱག་མགོ་བརྩམས་པ་ཡིན། ང་ལ་པར་རྒྱག་ཆེད་ལས་སློབ་གྲྭ་དང་སློབ་སྦྱོང་གི་གོ་སྐབས་དེ་འདྲ་རག་མྱོང་མེད། ཡིན་ནའང་མི་མང་པོ་ཞིག་གིས་ངའི་པར་ལ་དགའ་མོས་བྱེད་པ་མ་ཟད། ཆེད་ལས་པར་རྒྱག་མཁན་དེ་འདྲས་ཀྱང་ང་ལ་ཁྱོད་ཀྱིས་པར་རྒྱག་སྟངས་གང་ནས་སྦྱངས་པ་ཡིན་ཟེར་ནས་དྲི་བ་བཏང་ཡོང་གི་འདུག དེ་དག་གིས་ང་ལ་པར་རྒྱག་རྒྱུར་དགའ་མོས་ཆེན་པོ་སྐྱེ་རུ་བཅུག་སོང་།
དྲི་བ། ཁྱེད་རང་གིས་པར་རྒྱག་པའི་དམིགས་ཡུལ་དང་ཁ་ཕྱོགས་གཙོ་བོ་ག་རེ་འཛིན་གྱི་ཡོད་དམ།
ལན། ང་རང་གི་པར་ཆས་ཁ་གཏོད་ཡུལ་གཙོ་བོ་ཞིག་ཧི་མ་ལ་ཡའི་རི་རྒྱུད་ཡིན། དེ་ཡང་གནས་སྐབས་ཙམ་མིན་པར་ལོ་ནས་ལོ་བསྟུད་དེ་ས་གནས་ཀྱི་འགྱུར་བ་ཁག་ལ་པར་རྒྱག་གི་ཡོད། ལོ་གསུམ་དང་ལྔ། ལོ་བཅུ་བཅས་ཀྱི་པར་གོང་བསྒྲིགས་ནས་ཉར་གྱི་ཡོད། སྤྱིར་བཏང་པར་པ་མང་པོ་ཞིག་གིས་སོ་སོའི་པར་གསར་འགྱུར་བརྒྱུད་ལམ་ལ་འཚོང་གི་ཡོད་ཀྱང་། ངས་དེ་འདྲ་བྱེད་ཀྱི་མེད་པར་སོ་སོས་ཉར་བསྡད་ཡོད། མ་འོངས་པར་དེབ་བཟོས་ཏེ་རིག་གཞུང་དང་མི་རིགས། ས་གནས་ཀྱི་འགྱུར་བ་སྟོན་རྒྱུའི་ཆེད་དང་། དབྱིན་ཇིའི་ནང་ (Vanishing Culture) ཞེས་པ་ལྟར། ད་ལྟ་ཡོད་ཀྱང་མ་འོངས་པར་བརླག་ཉེན་ཡོད་པའི་རིག་གནས་ཁག་ཕྱོགས་བསྡོམས་(Documentation) བཟོ་རྒྱུའི་དམིགས་ཡུལ་བཟུང་ཡོད།
དྲི་བ། ཁྱེད་རང་ལས་ཀ་འདིའི་ཆེད་རྒྱལ་ཁབ་དང་ཡུལ་ལུང་གང་དག་ཏུ་བསྐྱོད་ཡོད།
ལན། ང་རང་ལྷོ་ཤར་ཨེ་ཤ་ཡའི་རྒྱལ་ཁབ་ཨབ་གྷན་ནང་ལོ་ ༥ དང་། རྒྱ་གར། བལ་ཡུལ། འབྲུག་ནང་ཐེངས་ ༥། འབར་མར་ཐེངས་ ༥ ། ཤི་རི་ལིང་ཀ ལོའོ། ཝེ་ཐི་ནམ། ཧྥེ་ལི་པེན། ཨེན་རྡུ་ནི་ཤི་ཡ། མ་ལེ་ཤི་ཡ། སོག་པོ་བཅས་དང་། ཧི་མ་ལ་ཡའི་རི་རྒྱུད་ལ་ཐེངས་མང་པོར་ཕྱིན་ཡིན། དེ་བཞིན། ཨ་རི་དང་ཁེ་ན་ཌ། ཧྥ་རན་སི། དབྱིན་ལན་བཅས་སུའང་ཕྱིན་པ་ཡིན། ད་ལྟ་སོག་པོའི་རྒྱལ་ས་ཨོ་ལོམ་པ་ཋོར་དུ་པར་གྱི་ལས་ཀ་བྱེད་བསྡད་ཡོད། སོག་པོའི་ནང་བརྒྱ་ཆ་ ༣༠ ཙམ་འབྲོག་པ་རེད། འབྲོག་པའི་བསམ་བློ་གཏོང་སྟངས་དེ་དུས་རབས་ ༡༣ སྐབས་ཀྱི་བསམ་བློ་དེ་རང་འཇགས་གནས་འདུག ཁོང་ཚོའི་འབྲོག་པའི་འཚོ་བ་རོལ་སྟངས་དང་ནང་ཆོས་བསྐྱར་དར་གྱི་སྐོར། ཤ་མུ་ནེ་སམ་ (Shamanism) ལ་དོ་སྣང་གསར་བ་སླེབ་བཞིན་པ་བཅས་ཀྱི་སྐོར་ལ་ཉམས་ཞིབ་དང་པར་རྒྱག་གི་ཡོད། ད་ཆར་སོག་པོའི་ནང་དཔལ་འབྱོར་ཡར་རྒྱས་འགྲོ་བཞིན་ཡོད་སྟབས་རིག་གཞུང་མང་པོ་ཞིག་ཉམས་བཞིན་འདུག
དྲི་བ། ད་བར་ཁྱེད་རང་གིས་པར་ག་ཚོད་ཅིག་བརྒྱབ་ཡོད་པ་དང་པར་ཉར་ཚགས་བྱེད་སྟངས་གང་འདྲ་ཡིན།
ལན། དེང་སང་གི་པར་ཆས་ (Digital) རིགས་ཀྱིས་པར་མང་པོ་རྒྱག་ཐུབ་ཀྱི་འདུག འོན་ཀྱང་དེ་ལ་དགེ་དང་སྐྱོན་གཉིས་ཀ་འདུག པར་བ་ཚོས་པར་གང་བྱུང་མང་པོ་བརྒྱབ་ནས་དེ་དག་ཁྲོད་ནས་པར་རེ་ཟུང་ཡག་པོ་ཐེབས་རྒྱུར་རེ་བ་རྒྱག་གི་ཡོད་པ་དང་། པར་གང་བརྒྱབ་པ་དག་ཕྲན་བུ་འགྲིག་མིན་བྱུང་སྐབས་གློག་ཀླད་ནང་ནས་བཟོ་བཅོས་རྒྱག་གི་ཡོད་པ་སོགས་སྐྱོན་གྱི་ཆ་རེད། པར་རྒྱག་སྐབས་གཟབ་ནན་མེད་པ་ཆགས་ཀྱི་འདུག ང་རང་གིས་པར་རྒྱག་སྐབས་ཧ་ཅང་གཟབ་ནན་དང་བསམ་བློ་མང་པོ་བཏང་ནས་རྒྱག་གི་ཡོད། ད་ལྟ་ངས་པར་ཁྲི་ ༥ ལྷག་ཉར་ཡོད། པར་ཡོངས་རྫོགས་ལ་ཟླ་ཚེས་འགྲེལ་བཤད་དང་བཅས་སྣོད་གཉིས་དང་གསུམ་ནང་ཉར་ཚགས་བྱས་ཡོད།
དྲི་བ། པར་བ་ཞིག་ལ་ངེས་པར་དུ་ཚང་དགོས་པའི་ཆ་རྐྱེན་གཙོ་བོ་གང་དག་ཡོད་དམ།
ལན། པར་བ་ཞིག་ལ་མཚོན་ན་གཙོ་བོ། དང་པོ་བསམ་བློ་བཏང་སྟེ་ལས་གཞི་སྒྲིག་རྒྱུ་དང་། ལས་གཞི་དེ་ཡང་ད་ལྟའི་བར་དུ་མི་གཞན་གྱིས་བྱས་མ་མྱོང་བ་ཞིག་ལ་བལྟ་རྒྱུ་གལ་ཆེན་པོ་རེད། སྔོན་མ་ཧི་མ་ལ་ཡའི་རི་རྒྱུད་དང་བོད་ནང་གི་དེབ་དག་ལས་པར་མང་ཆེ་བ་ཕྱི་རྒྱལ་གྱི་མིས་བརྒྱབ་བཞག་པ་དེ་འདྲ་རེད། ང་ཚོས་དེ་དག་ལ་བལྟས་ཏེ་ལད་ཟློས་བྱས་ན་དོན་དག་ཡོད་པ་མ་རེད། ད་སྔ་བྱས་མ་མྱོང་བའི་གསར་བ་ཞིག་ལ་བསམ་བློ་བཏང་སྟེ་འཆར་གཞི་བསྒྲིག་ཐུབ་ན་ཧ་ཅང་ཡག་པོ་རེད། གཉིས་པ་པར་ལ་ཚོར་བ་ཡོད་དགོས་པ་རེད། རྒྱལ་ཁབ་དང་མི་རིགས་སུས་བལྟས་ཀྱང་ཚོར་བ་སྟེར་ཐུབ་པ་ཞིག་ཡིན་དགོས། གསུམ་པ་པར་གང་བརྒྱབ་པ་དེ་འགྲེམ་སྟོན་སོགས་བརྒྱུད་ནས་མི་ལ་དཔྱད་པ་གཏོང་འཇུག་དགོས།
པར་བ་ཟེར་དུས་མིའི་མཉམ་དུ་མཐུན་པོ་ཞིག་དགོས་པ་གལ་ཆེན་པོ་རེད། ས་ཆ་ཞིག་ལ་པར་རྒྱག་ཏུ་འགྲོ་སྐབས་མ་མཐར་ས་གནས་དེའི་མི་ལ་འཚམས་འདྲི་ཞུ་སྟངས་སོགས་ཀྱི་སྐད་གང་འཚམ་སྦྱངས་ཏེ། གདོང་ལ་འཛུམ་ཤིག་ཤིག་གིས་འཆམ་པོ་མཐུན་པོ་བྱེད་རྒྱུ་གལ་ཆེན་པོ་རེད། གནས་ཚུལ་ཁ་ཤས་ཤིག་ལ་པར་ཆས་སྔོན་ལ་བཏོན་རྒྱུ་མ་ཡིན་པར། ཐོག་མར་པར་རྒྱག་ཡུལ་དེ་དང་འདྲིས་པོ་བྱས་ཏེ། ལྷོད་ལྷོད་ཆགས་མཚམས་གཞི་ནས་པར་ཆས་བཏོན་ནས་པར་རྒྱག་དགོས། པར་གྱི་སྟེང་ལ་སྣང་དོགས་གང་ཡང་མེད་པར་རང་བཞིན་ལྷོད་བབ་ཀྱི་རྣམ་པ་འཐོན་རྒྱུ་གལ་ཆེན་ཤོས་རེད།
དྲི་བ། པར་རྒྱག་སྐབས་དོ་སྣང་བྱེད་ས་གཙོ་བོ་གང་དག་ཡིན་ནམ།
ལན། པར་རྒྱག་སྐབས་དོ་སྣང་བྱེད་མིན་ཞིག་ལ་ཐུག་ཡོད་པ་ལས། པར་རྒྱག་སྐབས་ངེས་པར་དུ་དམིགས་བསལ་ས་ཆ་ཞིག་ལ་འགྲོ་དགོས་པ་དང་། གནས་ཚུལ་ཁྱད་པར་བ་ཞིག་ལ་ཐུག་དགོས་པ་དེ་འདྲ་མ་རེད། ནམ་རྒྱུན་སོ་སོའི་ཁོར་ཡུག་ལ་དོ་སྣང་སྤྲོད་ཐུབ་མིན་དང་། ཕར་ཕྱོགས་ཀྱི་གནད་དོན་ལ་སོ་སོའི་ལྟ་ཕྱོགས་དེ་རེད། གནས་ཚུལ་ལ་ལ་ཞིག་ཆེད་དུ་ཡུལ་དངོས་ལ་ཕྱིན་ཏེ་པར་རྒྱག་དགོས། དཔེར་ན། ལ་དྭགས་ལྟ་བུར་མཚོན་ན། བྱང་ཐང་གི་བོད་པ་སྐྱབས་བཅོལ་བའི་འབྲོག་པ་དེ་ཚོ་མི་མང་ཆེ་བས་གོ་མྱོང་ཡང་མཐོང་མྱོང་མཁན་དཀོན་པོ་རེད། པར་བ་ཞིག་གིས་ཁོ་ཚོའི་འཚོ་བ་རོལ་སྟངས་ལ་པར་བརྒྱབ་པ་ཡིན་ན། ཐུན་མོང་མ་ཡིན་པ་ཞིག་ཆགས་ཀྱི་རེད། ང་ཚོ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་འབྲོག་པ་ཁོ་རང་ཚོ་མ་གཏོགས་ཡོད་མ་རེད། འབྲོག་པ་ཁོ་རང་ཚོའི་ཕྲུ་གུ་ཚོ་སློབ་གྲྭར་འགྲོ་བཞིན་ཡོད་པ་རེད། འཛིན་རིམ་བཅུ་བ་ཐོན་རྗེས་རྒྱ་གར་གྱི་གྲོང་ཁྱེར་ཆེ་ཁག་གི་མཐོ་སློབ་ནང་འགྲོ་དགོས་ཀྱི་ཡོད། མཐོ་སློབ་ཐོན་རྗེས་འབྲོག་པ་བྱེད་རྒྱུ་ཡིན་ཟེར་ནས་ཕྱིར་ལོག་ཡོང་མཁན་ཡོད་པ་མ་རེད། ལོ་ ༢༠ རྗེས་སུ་སྐྱབས་བཅོལ་བོད་མིའི་འབྲོག་པ་ཧ་ལམ་རྫོགས་རྒྱུ་རེད། ད་ཚོར་ད་ལྟ་པར་བརྒྱབ་པ་ཡིན་ན་མ་འོངས་པར་ལོ་རྒྱུས་ཡིག་ཆ་རྩ་ཆེན་པོ་ཆགས་ཀྱི་ཡོད་པ་རེད།
དྲི་བ། པར་རྒྱག་སྐབས་རྒྱག་མཁན་ཞིག་ལ་མཚོན་ན་གཞུང་ལུགས་དང་ཉམས་མྱོང་གཉིས་ལས་གང་ཞིག་གལ་ཆེ་བར་མཐོང་གི་ཡོད།
ལན། སྤྱིར་བཏང་ང་རང་པར་གྱི་སློབ་གྲྭ་དེ་འདྲར་འགྲོ་མྱོང་མེད་ཀྱང་། ལོ་མང་པོར་པར་བརྒྱབ་པའི་ཉམས་མྱོང་གི་དབང་གིས་ད་ལྟ། ངས་སློབ་མ་དེ་ཚོར་པར་རྒྱག་སྟངས་འཁྲིད་ཀྱི་ཡོད། པར་གྱི་གཞུང་ལུགས་སློབ་སྦྱོང་མ་བྱས་པ་ཞིག་ལ་མཚོན་ན། བློ་གཙང་མ་དང་གུ་ཡངས་པོ་ཡོད་པ་རེད། པར་གྱི་གཞུང་ལུགས་སྦྱངས་མྱོང་མཁན་ཚོར་པར་རྒྱག་སྟངས་ཐོག་སྒྲིག་གཞི་མང་པོ་ཞིག་ཡོད་སྟབས། ཁོང་ཚོའི་ཀླད་པའི་ནང་སྒྲིག་གཞི་དེ་དག་གིས་རང་དབང་སྤྲོད་ཀྱི་ཡོད་པ་མ་རེད། ཤེས་ཡོན་དང་ཉམས་མྱོང་ལས་ཉམས་མྱོང་གལ་ཆེན་ཡིན་ཟེར་བ་ལྟར། པར་པ་ཞིག་ལ་མཚོན་ན་ཡུལ་དུས་གནས་སྟངས་དང་བསྟུན་ཏེ་བསམ་བློའི་རང་དབང་དང་། རང་སྟོབས་ཀྱིས་རྩིས་རྒྱག་ཐུབ་པའི་ནུས་པ་ཞིག་དགོས་པ་ཧ་ཅང་གལ་ཆེན་པོ་རེད།
དྲི་བ། པར་བ་ཞེས་པ་དེ་སྤྱི་ཚོགས་ནང་གལ་ཆེན་པོ་གང་འདྲར་མཐོང་གི་ཡོད།
ལན། ང་ཚོའི་སྤྱི་ཚོགས་ནང་རྒྱ་རབས་དང་སྙན་ངག་འབྲི་མཁན། མཁས་དབང་། རྩོམ་པ་པོ་བཅས་དགོས་ཀྱི་ཡོད་པ་ལྟར། པར་བའང་ངེས་པར་དུ་དགོས་ཀྱི་ཡོད་པ་རེད། དབྱིན་ཇིའི་ནང་པར་རྒྱག་མཁན་དེ་ཚོར་སྤྱི་ཚོགས་རིག་པ་ (Social Anthropology) ལབ་ཀྱི་ཡོད་པ་རེད། དེ་པར་བའི་ལས་འགན་ཆགས་ཡོད་པ་རེད། ང་ཚོས་ཡིག་ཐོག་ནས་དེབ་དང་གནས་ཚུལ་འབྲི་དང་ཀློག་རྒྱུ་ཡོད་པ་རེད། ཡིན་ནའང་། པར་གྱི་ཐོག་ནས་བལྟས་ཡོང་སྐབས་ཡང་མ་འདྲ་བ་ཞིག་ཡོད་པ་རེད། ང་ཚོ་བོད་པ་འཛམ་གླིང་གང་སར་(Tibetan Diaspora) ཁྱབ་བསྡད་ཡོད་པ་རེད། ངས་དེའི་སྐོར་ལ་པར་རྒྱག་གི་ཡོད། འདི་མ་འོངས་པར་ལོ་རྒྱུས་གལ་ཆེན་ཞིག་ཆགས་ཀྱི་ཡོད་པ་རེད། ང་རང་གི་འཆར་གཞི་ཚང་མ་ཕུགས་རྒྱང་རིང་པོའི་འཆར་གཞི་རེད། པར་ཚང་མ་དེ་འདྲ་ཡིན། ཕལ་ཆེར་ལོ་བཅུ་ཡས་མས་སུ་པར་བརྒྱབ་སྟེ་དེབ་ཅིག་བཟོ་འཆར་ཡོད། སོག་པོའི་ནང་གི་འབྲོག་པ་དང་ནང་པའི་སྐོར་གྱི་དེབ་གཅིག་བཟོ་འཆར་ཡོད། ང་ཚོའི་གནས་སྟངས་ལོ་རེ་བཞིན་འཕོ་འགྱུར་ཆེན་པོ་འགྲོ་བཞིན་ཡོད་པ་རེད། དེར་བརྟེན། རྒྱ་གར་བལ་འབྲུག་གསུམ་ནང་གི་ས་ཆ་ཁུག་ཀྱོག་གི་སྐྱབས་བཅོལ་བ་ཚོར་པར་རྒྱག་རྒྱུ་གལ་ཆེན་པོར་མཐོང་གི་ཡོད། དཔེར་ན། བོད་རྒྱ་ལག་ཏུ་མ་ཤོར་སྔོན་གྱི་པར་གཅིག་གཉིས་དེང་སྐབས་མཐོང་རྒྱུ་ཡོད་པ་དེ་ག་ཚོད་རྩ་ཆེན་པོ་ཆགས་འདུག དེ་དང་གཅིག་པ་རེད།
དྲི་བ། ཁྱེད་ཀྱིས་པར་གྱི་ཡིག་ཆ་བཟོ་བ་དང་པར་རིས་འགྲེམས་སྟོན་སོགས་བྱས་མྱོང་ངམ།
ལན། ངས་ད་སྔ་པར་གྱི་ཡིག་ཆ་བཟོ་ཐུབ་མ་སོང་། ༢༠༠༧ ལོར་ང་རང་གིས་བརྒྱབ་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་པར་ ༣༠ ཙམ་ལྡི་ལིའི་རྒྱ་གར་རྒྱལ་ཡོངས་བསྟི་གནས་ཁང་ (India International Center)དུ་འགྲེམས་སྟོན་བྱས་པ་ཡིན། ༢༠༠༨ ལོར་ཨབ་གྷན་གྱི་ཀེལ་སྦུག་ནང་། བོད་པའི་གནས་སྐོར་བ་ཞིག་གིས་འཇིག་ཉེན་ཡོད་པའི་ཧི་མ་ལ་ཡའི་སྐོར་གྱི་པར་རིས་འགྲེམས་སྟོན་ (Tibetan Pilgrim travel throughVanishing Himalaya) ཞེས་པའི་ཁ་བྱང་འོག་པར་འགྲེམས་སྟོན་ཞིག་བྱས་པ་ཡིན། དེ་ཨབ་གྷན་ནང་ཐ་ལི་བྷན་གྱི་དམག་འཁྲུག་མཚམས་འཇོག་བྱས་རྗེས་ཀྱི་པར་རིས་འགྲེམས་སྟོན་ཐོག་མ་ཆགས་ཡོད་ས་རེད། འགྲེམས་སྟོན་བྱེད་ཡུལ་དེ་ཨབ་གྷན་གྱི་རྒྱལ་མོའི་རྒྱལ་ཁང་མདུན་རེད། ༢༠༠༩ ལོར་ཨ་རིའི་ནེའུ་ཡོག་བོད་ཁང་དུ་པར་རིས་འགྲེམས་སྟོན་ཞིག་བྱས་པ་ཡིན། ༢༠༡༠ ལོར་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་བྱས་པ་ཡིན། དེའི་རྗེས་ཧྥེ་ལི་ཕིན་ནང་ལོ་གསུམ་བཅས་ལོ་རེར་ཐེངས་རེ་འགྲེམས་སྟོན་བྱེད་བཞིན་ཡོད།
བོད་ཀྱི་དུས་བབ་དྲ་བ་ལས་འདྲེན་བཀོད་བྱས། གསར་འགོད་པ། དོན་གོ

No comments:

Post a Comment