Saturday 28 December 2013

ལྷ་མོ་མཚོར་བཅར་འདྲི།

<སེམས་འཕྲིན་ཐེངས་གསུམ་པ་>དང་དེའི་སྐོར་ནས་རྒྱང་འདྲི་ཞིག་བྱས་ཡོད།
རྒྱང་འདྲི་བ། སྐྲན།

དྲི་བ། ལྷ་མོ་མཚོ་ལགས་ཁམས་བཟང་། དེང་སང་གང་ན་བཞུགས་ཡོད།
 ལན། ཁམས་བཟང་། ང་རང་དེང་སང་ཨ་རིའི་ཁ་ལི་ཧྤོ་ནའི་ཡ་སན་ཧྥན་སུའི་སི་ཁོ་(California San francisco)རུ་བསྡད་ཡོད་ལ་འདིར་སླེབས་ནས་ལོ་གཅིག་དང་ཟླ་གཅིག་ཙམ་ཡིན།

དྲི་བ། ཁ་སང་ཕྱི་ཚེས་༩ ཉིན་ཁྱོད་ཉིད་དེ་གའི་རྒྱ་ནག་གཞུང་ཚབ་ཁང་གང་དུ་ཕྱིན་པ་དང་དེར་མི་ག་ཚོད་ཅིག་མཉམ་ཞུགས་བྱས་ཡོད་དམ།
ལན། ཁ་སང་ཁ་ལི་ཧྤོ་ནའི་ཡ་སན་ཧྥན་སུའི་སི་ཁོ་ (California San francisco) ཡི་རྒྱ་ནག་གི་གཞུང་ཚབ་ཁང་དུ་ཕྱིན་པ་ཡིན། དེར་ང་ཚོའི་རྒྱབ་སྐྱོབ་བ་ཨ་རིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཆེན་ཕིས་ཁྲིར་ཁོ་ཡོ་ཊི་ (Peter Coyote ) ཁོ་རང་དངོས་ཕེབས་ཀྱིས་རྒྱབ་སྐྱོར་བ་གཞན་གྲོགས་པོ་འགའ་དང་། གསར་འགོད་པ་སོགས་བཅས་མི་གྲངས་བཅུ་ལྷག་འཛོམས་འདུག
དྲི་བ། ཁྱོད་རང་ད་ཐེངས་རྒྱ་ནག་གཞུང་ཚབ་ཁང་དུ་ཕྱིན་པའི་ངོ་བོ་དང་དམིགས་ཡུལ་ཅི་ཡིན་ནམ།
ལན། ད་ལོར་དོན་གྲུབ་དབང་ཆེན་གྱི་ཁྲིམས་ཆད་ལོ་དྲུག་གི་ཐ་མ་དེ་ཆགས་ཡོད་པ་དང་ཁོང་གི་ཕ་མ་གཉིས་གཙོ་བྱས་ནང་མི་ཚང་མིའི་སེམས་སུ་དཀའ་ངལ་དང་རྔམ་སྐྲག་སྐྱེ་བཞིན་ཡོད་པས་རྒྱ་ནག་གི་བཙོན་འོག་ན་ཡོད་པའི་བཙོན་པ་ཡོངས་གཙོ་བྱས་ཁོ་རང་གི་སྐུ་ལུས་བདེ་ཐང་ངང་གློད་གྲོལ་ཡོང་བའི་རེ་སྐུལ་དང་། གཞན། འདིའི་ཚེས་༡༧ཉིན་དོན་གྲུབ་དབང་ཆེན་ཁོང་གི་སྐྱེས་སྐར་སླེབས་ལ་ཉེ་བས་ནང་མི་ཡོངས་ཀྱིས་རང་རང་གི་སེམས་ནས་ཞུ་འདོད་པའི་སྐད་ཆ་ཡི་གེར་ཕབ་པ་འདི་ལེགས་སྐྱེས་ཤིག་གི་ཚུལ་དུ་ཕུལ་ཡོད་པ་དེ་རྒྱ་ནག་གི་གཞུང་ཚབ་ཁང་དུ་བསྐྱལ་བར་ཕྱིན་པ་ཡིན།  
དྲི་བ། འཕྲིན་ཡིག་དེ་ཐེངས་ག་ཚོད་པ་ཡིན་ནམ། ད་ཐེངས་ཀྱི་འཕྲིན་ཡིག་འདི་ཐད་ཀར་རྒྱ་ནག་གཞུང་ཚབ་ཁང་དུ་བསྐྱལ་དགོས་པའི་རྒྱུ་མཚན་ཅི་ཡིན།
ལན། སྤྱིར་བཏང་ད་ཐེངས་ཀྱི་འཕྲིན་ཡིག་འདི་ཐེངས་གསུམ་པ་ཡིན། སྔོན་ཆད་སྦྲགས་ཁང་བརྒྱུད་དེ་བསྐུར་བ་གཉིས་ཕལ་ཆེར་ཁོང་ལ་འབྱོར་མེད་ཚོད་ཡིན་པས་ད་ཐེངས་ཐད་ཀར་རྒྱ་ནག་གཞུང་ཚབ་ཁང་དུ་བསྐྱལ་བ་ཡིན་ན་ཁོང་ལ་དངོས་སུ་འབྱོར་བར་རེ་བ་ཆེ་བ་དང་། གཞན་ཡང་། རྒྱལ་ཕྱི་ནང་གི་གསར་ཁང་རྣམ་པ་གཙོ་བྱས་རང་རིག་ཤ་ཁྲག་གཅིག་པའི་བོད་མི་ཡོངས་ཀྱིས་དོ་སྣང་བྱ་རྒྱུའི་ཆེད་དུའང་ཡིན། དཔེར་ན། མི་མང་གིས་དོ་སྣང་མེད་པ་ཡིན་ན་བཙོན་པ་མང་བོ་ཞིག་གློད་གྲོལ་ཐོབ་དུས་སྐུ་ལུས་བདེ་ཐང་མིན་པའི་དཀའ་བསྔལ་འཕྲད་ཀྱིན་ཡོད་པ་རེད། མ་ཟད་མིག་སྔའི་ཞི་བའི་གོམས་བགྲོད་པ་གླིང་ཚེ་བརྟན་རྡོ་རྗེ་ལགས་ལྟ་བུ་ཡིན་ན་ཡང་། རང་གི་དྲིན་ཆེན་ཕ་མ་གཉིས་དང་བཟའ་ཟླ་བུ་ཕྲུག་ཚང་མ་བློང་གཏོང་ཆེན་པོས་ཞི་བའི་གོམས་བགྲོད་དུ་ཕྱིན་ནའང་མི་མང་གིས་དོ་སྣང་ཆེས་ཆེར་མ་བྱས་པས་དེང་གི་ཆར་གར་སོང་ཆ་མེད་དུ་སོང་བ་རེད། ང་རང་གིས་བསམ་ཚུལ་ལ་ང་ཚོས་ནམ་ཡིན་ཡང་རང་གི་ཅི་ནུས་ཀྱིས་ཁོང་ཚོ་ལ་དོ་སྣང་དང་རྒྱབ་སྐྱོར་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད་བསམ།

སེམས་འཕྲིན་ཐེངས་གསུམ་པ།

ངའི་མི་ཚེ་འདིའི་བཟའ་ཟླ་དོན་གྲུབ་དབང་ཆེན་ལགས། དེ་རིང་ནི་ཕྱི་ཟླ་༡༠ཚེས་༢དང་། ད་ལྟ་
མཚན་མོའི་ཆུ་ཚོད་༡༡དང་སྐར་༤༥རེད། ང་ཚོ་བྲལ་བའི་ལོ་ངོ་འདི་དག་གི་རིང་ལ་ཁྱོད་དང་ང་ཚོ་ནང་མི་ཚང་མ་ལ་སྐྱིད་པའི་ཚོར་བ་ཞིག་གང་ན་ཡོད། ལྷག་པར་ཏུ་ཕ་མ་གཉིས་ཀྱང་དགོང་ལོ་བགྲེས་པོ་ཡོད་ཙང་། དོན་དངོས་སུ་ཁྱོད་དང་ཐུག་ཐུབ་ན་མི་ཐུབ་ན་བསམ་ནས་སེམས་ནང་ལ་རྔམ་སྐྲག་དང་ཞེད་སྣང་། སྡུག་བསྔལ་དང་སེམས་ཁྲལ་ཧ་ཅང་ཆེན་པོ་འདུག མ་ཟད། བུ་ཕྲུག་ཚོ་ལའང་ཨ་ཕ་ཟེར་བའི་སྐད་གཏོང་ས་མེད་པས་སེམས་ཀྱི་ནང་ལ་མ་སྐྱིད་པ་དུས་རྒྱུན་དུ་ཡོང་གིན་འདུག ལྷག་པར་དུ་ཨ་ཕ་ལགས་ཟེར་ནས་སྐད་གཏོང་རྒྱུར་ཁོང་ཚོ་ཚང་མས་རེ་སྒུག་ཧ་ཅང་ཆེན་པོ་བྱེད་ཀྱིན་འདུག
ང་དང་ཁྱོད། འུ་གཉིས་ཀྱི་སེམས་སྡུག་དང་དཀའ་བསྔལ་གཅིག་པ་ཡིན་པར་ངས་ཚོད་དཔག་བྱེད་ཐུབ་ཀྱིན་འདུག ངས་ཁྱོད་རང་དང་འདྲ་བའི་མི་ཞིག་མཐོང་དུས་ང་ལ་རང་དབང་མེད་པར་མིག་ཆུ་འཆོར་གྱིན་འདུག ལྷག་པར་དུ་ངས་དུས་རྒྱུན་དུ་ཁྱོད་རང་རྨི་ལམ་གཏོང་གིན་འདུག ངས་རྨི་ལམ་ནང་དུ་ཁྱོད་དང་འཐམ་ནས་རྗེས་ཕྱོགས་ང་དང་ནང་མི་ཚང་མར་ཁ་བྲལ་ནས་གང་དུའང་མ་འགྲོ་ཟེར་བའི་རྨི་ལམ་ཐེངས་མང་རྨིས། ཡིན་ཡང་། ང་གཉིད་ལས་སད་དུས་ཁྱོད་རང་ངའི་འགྲམ་དུ་མེད་པ་མ་ཟད། ཁྱོད་ཀྱི་གནས་སྟངས་དང་དཀའ་སྡུག་སོགས་སེམས་ལ་དྲན་དུས། ངའི་སེམས་སུ་སྡོད་ཐབས་མེད་པའི་ན་ཟུག་ཅིག་སྐྱེ་བཞིན་འདུག
ང་ཚོས་ལོ་དང་ཟླ་བ། ཉི་མ་དང་དུས་ཚོད། སྐར་མར་གྲངས་ཀ་བརྒྱབས་ནས་ལོ་ངོ་༥ དང་ཟླ་བ་༦ཉིན་༦ཕྱིན་སོང་། ཡིན་ན་ཡང་། ངོ་ལོ་འདི་དག་གི་རིང་དུ་ཁྱོད་དང་ནང་མི་ཚང་མའི་སེམས་སྡུག་དང་དཀའ་བསྔལ་རེ་རེ་སེམས་ལ་རེ་རེར་དྲན་དུས་སྡོད་ཐབས་མེད་པའི་སེམས་པ་ཧ་ཅང་སྐྱོ་བཞིན་འདུག ང་ཚོ་ནང་མི་ཚང་མར་ཉི་མ་ཤར་རྒྱུའི་དུས་སླེབས་ལ་ཉེ་ནའང་། ༢༠༡༣ལོའི་ཟླ་༡༠ཚེས་༠ ཞོགས་པར་ང་ཨ་རིའི་རྒྱ་ནག་གི་གཞུང་ཚབ་ཁང་དུ་འགྲོ་རྒྱུ་བྱས་ཡོད། རྒྱུ་མཚན་ནི་ཁྱོད་རང་གང་མགྱོགས་མགྱོགས་དང་སྐུ་ལུས་བདེ་ཐང་ངང་གློད་གྲོལ་གཏང་བའི་འབོད་སྐུལ་ཞུ་རྒྱུ་དང་། ༢༠༡༣ལོའི་ཟླ་༡༠ཚེས་༡༧ཉིན་ཁྱོད་རང་ལོ་༣༩ ལ་སོན་བའི་སྐྱེས་སྐར་རེད། ཡིད་སྐྱོ་བ་ཞིག་ལ་ཁྱོད་རང་ལོ་ངོ་༣༩ སོན་པའི་སྐྱེས་སྐར་འདིའང་ང་ཚོ་ནང་མི་ཚང་མས་མཉམ་དུ་རོལ་མ་ཐུབ་པར་སེམས་པ་ཧ་ཅང་སྐྱོ། ཡིན་ཡང་། ང་ཚོ་ནང་མི་ཚང་མའི་སེམས་མཚོན་གྱི་ཚབ་ལ་ལེགས་སྐྱེས་ཆུང་ངུ་རེ་སྐུར་གྱིན་ཡོད། དེ་ནི་ཁྱོད་ལ་འབྱོར་བའི་རེ་བ་ཧ་ཅང་ཆེན་པོ་ཡོད།
གཅིག་ནི། ཁྱོད་རང་ལོ་༤༠སོན་པའི་སྐྱེས་སྐར་དེ་ང་ཚོ་ནང་མི་ཚང་མས་མཉམ་འཛོམས་ཀྱི་རོལ་ཐུབ་པར་ང་ཚོ་ནང་མི་ཚང་མས་སྨོན་ལན་རྒྱག་གིན་ཡོད། ལྷག་པར་དུ་༢༠༡༤ལོའི་ཕྱི་༠༦ཚེས་༠༥ ཉིན་ང་ཚོ་ནང་མི་ཚང་མས་ཁྱོད་དང་ལྷན་དུ་ཁ་བརྡ་བྱ་ཐུབ་པའི་རེ་བ་དང་སྨོན་ལམ་ནང་མི་ཚང་མས་རྒྱག་གིན་ཡོད།
དོན་གྲུབ་ལགས། ངས་ཁྱོད་ལ་ད་ལན་གྱི་འདི་དང་འཕྲིན་ཡིག་ཐེངས་གསུམ་བཏང་བ་ཡིན། ཡིན་ཡང་། སྔོན་མ་གཉིས་ཁྱོད་ལ་འབྱོར་ཡོད་མེད་མི་ཤེས་མོད། ངས་ཚོད་དཔག་བྱས་ན་ཧ་ལམ་ཁྱོད་ལ་འབྱོར་ཡོད་ཚོད་མ་རེད། ཡིན་ན་ཡང་། འདི་ཚང་མ་འབྱོར་ཐུབ་པའི་རེ་བ་ཡོད།
གཞན། ཁྱོད་ཀྱིས་ཕ་མ་གཉིས་དང་ནང་མི་ཚང་མ་ལ་སེམས་ཁུར་རྩ་བ་ཉིད་ནས་བྱ་མི་དགོས། རྒྱུ་མཚན་ནི། ང་རང་གིས་འཇོན་ཚོད་དང་ནུས་ཚོད་ཀྱིས་ཕ་མ་གཉིས་དང་ཕྲུ་གུ་ཚང་མ་ལ་སེམས་གསོ་དང་བདག་སྐྱོང་གང་ལེགས་བྱེད་ཀྱིན་ཡོད། དེ་འདྲ་སོང་ཙང་ཁྱོད་ཀྱིས་སེམས་ཁུར་རྩ་བ་ཉིད་ནས་བྱ་མི་དགོས།
ང་ཚོ་ནང་མི་ཚང་མས་འུ་ཚོ་མགྱོགས་པོར་མཇལ་རྒྱུ་དང་ལྷག་པར་དུ་ཁྱོད་ཀྱི་སྐད་ཐོས་ཐུབ་རྒྱུར་ནང་མི་ཚང་མས་རེ་བ་ཧ་ཅང་ཆེན་པོ་རྒྱག་གིན་ཡོད།
དོན་གྲུབ་ལགས། ང་ཚོ་ལྷན་དུ་འཛོམས་ལ་ཉེ་བས་ཁྱོད་ཀྱིས་ངེས་པར་དུ་རང་གི་སྐུ་ལུས་ལ་བདག་སྐྱོང་ལེགས་པོ་བྱ་དགོས། དེ་ནི་ཕ་མ་གཉིས་དང་ཕྲུ་གུ་ཚང་མ། ནང་མི་ཆ་ཚང་གི་རེ་བ་ཆེ་ཤོས་དེ་ཡིན། དེ་མིན། ཉིད་ཀྱི་བསམ་དོན་མཐའ་དག་ལྷུན་གྲུབ་དང་ཚེ་རིང་ནད་མེད་ཡོང་བའི་སྨོན་འདུན་གཙང་མ་དང་བཅས།
ཉིད་ཀྱི་ཆུང་མ་ལྷ་མོ་མཚོས་ཨ་རི་ནས་གུས་པ་ཆེན་པོས་ཕུལ།། 09/10/2013 ཉིན།



No comments:

Post a Comment