Thursday 14 May 2015

ཚེ་ནོམ།





དུས་ཀྱི་མུན་ནག་མཁར་རྫོང་འདི།།
བམ་པོ་འདི་ཀོས་མ་བརྟོལ་བས།།
ད་ནི་རྨི་ལྟས་བཟང་ངན་ལ།།
ཟུར་མིག་གཡས་འཕེན་གཡོན་འཕེན་བྱ།།

མཚན་ཞགས་ཁུགས་པ་བཅོ་བརྒྱད་ལ།།
རྐང་ལག་རྐྱོང་སྐུམ་གང་བདེར་བྱ།།
བསམ་ཞིབ་ནན་མོའི་ཉིན་ཟས་དག།
རྨི་ལམ་དུའང་བསྐྱར་ནན་བྱ།།


དེ་ལྟར་ཡིད་ཀྱི་མཁའ་ལམ་འདི།།
ཡུན་ནས་ཡུན་ལ་འདལ་བར་བྱ།།
གྲོང་ཁྱེར་བྱེ་བ་བཅོ་བརྒྱད་ཡང་།།
ང་ཡི་སེམས་ལ་སིམ་པར་བྱ།།

ཡི་ག་འགག་དང་ཡིད་དགའ་ཡིས།།
ལུས་ཀྱི་སྤུ་ལོང་རེ་རེར་འཇབ།།
ད་ནི་སྐྲ་ལོའི་ཉག་མ་ལའང་།།
ཞེ་འདང་ཞེ་བོ་ཡོད་མ་ཡིན།།

མིག་ཡས་མུན་པ་ཁྱོད་ལ་འབུལ།།
ང་ལ་གཏན་དུ་འོད་ཟེར་མཁོ།།
ཡས་ཀྱིས་བཏུས་པའི་ཡིག་འབྲུ་འགའ།།
ང་ཡི་ཚེ་འདིའི་རྒྱུ་ནོར་ཡིན།།
སི་པན་གྱི་གྲོང་ཁྱེར་སྦར་སི་ལོ་ན་རུ། 23/06/2014

No comments:

Post a Comment