Thursday 11 July 2013

ཕྱི་གླིང་བ་ཞིག་ལ་བོད་ཀྱི་ལོ་ཙཱ་བའི་སྐོར་ནས་བཅར་འདྲི་བྱས་ཡོད།

ནང་བསྟན་ཆོས་ལུགས་དེ་འཛམ་གླིང་ལ་ཡང་དག་པར་དར་བར་བྱ་རྒྱུ་དེ་བོད་པའི་བླ་མ་ཚོའི་ལས་འགན་རེད།

བཀྲ་ཤིས་བདེ་ལེགས། ཐོག་མར་ཁྱེད་རང་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།
           ངའི་མིང་ལ་ངག་དབང་འཕྲིན་ལས་ཟེར། ང་ཧྥ་རན་སིའི་ལྷོ་ཕྱོགས་བོད་ཀྱི་ནང་པའི་ཆོས་ཚོགས་ཤིག་ནས་སྐྱེས་པ་ཡིན། རྗེས་སུ་ཆོས་ཚོགས་ཀྱི་སློབ་གྲྭར་ཞུགས། དེའི་རྗེས་ལོ་བཅུ་དྲུག་སྟེང་རྒྱ་གར་དུ་ཡོང་ནས་བོད་ཀྱི་སྐད་ཡིག་གཞིར་བྱས་ནས་བོད་སྨན་ཏོག་ཙམ་དང་བོད་ཀྱི་སྐར་རྩིས་རིག་པ། ནང་ཆོས་བཅས་ལ་སྦྱང་བ་བྱས་པ་ཡིན།
           
 དྲི་བ། ཉིད་ཀྱི་འཛིན་སྐྱོང་གནང་བའི་ནང་བསྟན་སྲི་ཞུ་ཁང་ཟེར་བ་འདི་བཙུགས་པའི་དགོས་པ་དང་དམིགས་ཡུལ་ཅུང་ཙམ་གསུང་ན་གང་འདྲ་ཡིན་ནམ།
            ལན། ལོ་གསུམ་གྱི་སྔོན་ནས་ངའི་ཇོ་ཇོ་དང་ངེད་གཉིས་ཧྥ་རན་སིའི་ནང་གི་སྐད་སྒྱུར་ཚོགས་པ་ཞིག་ཏུ་འཛུལ་ཞུགས་བྱས་ནས། ཁོང་ཚོས་དཔེ་ཆ་བསྒྱུར་ཚར་བ་ཁག་ཅིག་ལ་ཞུ་དག་གི་འགན་འདྲ་བོ་ཞིག་སྤྲད་ཡོད་པ་རེད། 
དེ་ཅིག་བལྟས་ཡོང་དུས། བོད་ཡིག་ནས་ཕར་དབྱིན་ཇིའི་སྐད་དུ་བསྒྱུར་བ་ཡིན་ནའང་འདྲ། ཧྥ་རན་སིའི་སྐད་ནང་ལ་བསྒྱུར་བ་ཡིན་ནའང་འདྲ་ཧ་ཅང་གནས་ཚད་སྐྱོ་བོ་ཡིན་པ་གསལ་བོར་མཐོང་བ་རེད། དེ་ཡིན་པས། ཡིག་སྒྱུར་བ་སྐད་གྲགས་ཅན་ག་ཚོད་ཡིན་ནའང་ཤོག་ངོས་རེ་རེར་ནོར་སྐྱོན། ཆད་སྐྱོན། དོན་ལོག་པ་དང་། དེ་འདྲ་རེ་ཟུང་མེད་པ་ཧ་ལམ་མེད་པའི་ཚོད་རེད། དེ་དང་དེ་འདྲ་བའི་དཀའ་ངལ་མང་བོ་ཞིག་འཕྲད་དང་འཕྲད་ཀྱིན་ཡོད་པས། ང་ཚོར་སེམས་ཁྲལ་ཤུགས་ཆེན་པོ་སྐྱེས་ནས་ཚོགས་པ་འདི་འཛུགས་པར་ཐག་གཅོད་བྱས་པ་ཡིན། དེའི་རྒྱུ་མཚན་གང་ལགས་ཞེ་ན། དེང་སང་འཛམ་གླིང་ལ་ནང་ཆོས་དར་དང་མ་དར་ཟེར་བ་དེ་གཙོ་བོ་དབྱིན་སྐད་ཀྱི་སྟེང་དུ་ལེགས་པོར་བསྒྱུར་ཐུབ་མ་ཐུབ་ལ་རག་ལས་ཡོད་པ་རེད། དབྱིན་སྐད་ནང་ལ་བསྒྱུར་ཚར་ན་འཛམ་གླིང་གི་སྐད་ཡིག་གཞན་ཚང་མའི་ནང་ལ་སྒྱུར་འགྲོ་གི་ཡོད་པས། དབྱིན་སྐད་ཀྱི་སྒྱུར་འདི་ཧ་ཅང་གི་གནད་ཀ་ཆེན་པོ་ཆགས་ཀྱི་ཡོད། སྔོན་ཆད་ནང་པའི་གཞུང་ལུགས་སཾསྐྲིཏའི་སྐད་ནས་བོད་སྐད་ཐོག་ལ་བསྒྱུར་དུས་བོད་ཀྱི་ལོ་ཙཱ་བ་ཚོ་རྒྱ་གར་གྱི་པཎྡི་ཏ་མཉམ་དུ་ཕྱག་ལས་གནང་ཡོད་རེད། དང་པོ་རྒྱ་གར་མཁས་པ་ཞིག་གིས་རྒྱ་སྐད་ཀྱི་ཐོག་དུ་ཡོད་པའི་དཔེ་ཆ་དེའི་གོ་བ་ལེན་དུ་བཅུགས་རྗེས་ངག་ཐོག་ནས་ཚིག་རེ་རེ་བྱས་ནས་བོད་པར་འགྲེལ་བཤད་གནང་ཡོད། དེའི་རྗེས་བོད་པས་གོ་བ་དེ་བོད་ཡིག་ཐོག་ཏུ་ཕབ་ནས་ཞུས་ཆེན་གྱི་ལོ་ཙཱ་བ་བོད་པ་གཞན་པ་ཞིག་གིས་པཎྡིཏ་གཞན་པ་ཞིག་ལ་ངག་ཐོག་ནས་རྒྱ་གར་སྐད་ནང་ལ་ཕར་སྒྱུར་ནས་ཞུ་དག་དང་གཏན་འབེབས་གནང་གི་ཡོད་རེད།  ཐབས་ཤེས་དེ་ལ་བརྟེན་ནས་བོད་སྐད་ཀྱི་འགྱུར་དེ་ཚོ་འཛམ་གླིང་ནང་ལ་འགྲན་ཟླ་མེད་པའི་སྤུས་ཚད་ཅིག་ལ་སླེབས་ཐུབ་ཡོད། འདི་ནི་རྒྱ་སྐད་བོད་སྐད་གཉིས་ཀྱི་ཆེད་ལས་པ་དང་ནང་དོན་གྱི་ཆེད་ལས་པ་བེད་སྤྱོད་བཏང་བའི་འབྲས་བུ་རེད།  དེང་སང་གི་དུས་སུ་དེ་འདྲ་ཁྱོན་ནས་ཆགས་ཐུབ་ཡོད་པ་མ་རེད། ལོ་ཙཱ་བའི་ཚབ་ཕྱི་རྒྱལ་གྱི་སྐད་སྒྱུར་ནང་ལ་ཆེད་ལས་པ་རྩ་ནས་ཡོད་པ་མ་རེད་ལ། ཁོང་ཚོ་མཉམ་དུ་སྔར་བཞིན་ཕྱག་ལས་གནང་མཁན་གྱི་བོད་པའི་མཁས་པ་ཡང་ཕལ་ཆེར་ཡོད་པ་མ་རེད། དེ་ཡིན་དུས་ཐབས་ཤེས་འདི་ད་ལྟའི་དུས་ལ་སླར་གསོ་འདྲ་བྱེད་མ་ཐུབ་ན། འཛམ་གླིང་ནང་ལ་ནང་པའི་ཆོས་ཡང་དག་པ་དར་ཐུབ་པ་མ་རེད་ལ། ཕལ་ཆེར་མ་དག་པ་ཞིག་དར་བ་ལས་ཁྱོན་ནས་མ་དར་ན་ཡག་གི་མེད་དམ་བསམ་གྱི་འདུག དེ་རིང་ཁ་སང་༸གོང་ས་མཆོག་གིས་གཙོས་པའི་བླ་མ་མང་པོ་ཞིག་གིས་ནང་ཆོས་འཛམ་གླིང་ལ་དར་བའི་ཐབས་གནངས་དང་གནང་མུས་ཡིན་ཡང་། དེའི་རྩ་བ་ངོ་མ་དེ་ནང་པའི་གཞུང་ལུགས་སྐད་རིགས་གཞན་ལ་བསྒྱུར་བའི་སྒང་ལ་ཐུགས་སྣང་གནང་མཁན་ཧ་ཅང་གི་དཀོན་པོ་རེད།  དེ་ཡང་ཡི་གེ་བསྒྱུར་ཟེར་བ་དེ་སེམས་པ་བཟང་པོ་ཁོ་ནར་བརྟེན་ནས་ཡོང་ཐབས་མེད་པས། ང་ཚོས་ཚོགས་པ་འདི་བཙུགས་ནས་ཡིག་སྒྱུར་གྱི་ལས་ཀ་དེ་ཆེད་ལས་པའི་ལས་ཀར་བསྒྱུར་བའི་འབད་བརྩོན་བྱེད་བཞིན་ཡོད། དེའི་སྟབས་ཀྱིས་མིང་ལ་ཡང་ནང་བསྟན་སྲི་ཞུ་ཁང་ཞེས་བཏགས་པ་ཡིན།
           དྲི་བ། ཉིད་ཀྱིས་གོང་ནས་ཞུས་པའི་ནང་བསྟན་སྲི་ཞུ་ཁང་འདིར་རྩ་བའི་ལས་རིམ་མམ་ལས་ཀའི་རིགས་ག་ཚོད་ཅིག་ཡོད་དམ་གང་དག་ཡིན།
            ལན། ང་ཚོའི་ལས་ཀ་དང་པོ་དེ་ཨེ་ཤ་ཡའི་ཕྱོགས་སུ་བཞུགས་ཡོད་མཁན་གྱི་བོད་ཀྱི་མཁས་པ་དང། མཁན་པོ། དགེ་བཤེས་སོགས་དང་། ནུབ་ཕྱོགས་ལ་ཡོད་པའི་སྐད་སྒྱུར་བ་ཚོ་མཉམ་རུབ་ཡོང་ཆེད་ང་ཚོས་དྲ་རྒྱའི་ཁོར་ཡུག་ཅིག་བཟོས་ཡོད། དེའི་ནང་ནས་ཁོང་ཚོ་ཕན་ཚུན་དངོས་སུ་ཐུག་ནས་སྐད་ཆ་བཤད་ཆོག་པ་དང་། བསྒྱུར་རྒྱུའི་གཞུང་དེ་མ་བསྒྱུར་བའི་སྔོན་ནས་དྲ་རྒྱ་བརྒྱུད་དཔེ་ཁྲིད་ཚང་མ་ཞུས་པ་དང་། དཔེ་ཆར་བལྟས་ནས་བསྟན་དོན་ཡང་དག་པ་ཞིག་ངེས་པར་བྱས། ངེས་ཆ་ཅི་ཙམ་ཡོད་མེད་བོད་པའི་མཁས་པས་དཔྱད་པ་བྱས་རྗེས། ད་གཟོད་གཞི་ནས་ཡིག་སྒྱུར་བྱེད་བཅུག་པའི་ཐབས་ཤེས་བྱས་པ་ཡིན། འོན་ཀྱང་དྲ་ཐོག་ཁོར་ཡུག་འདི་བཟོས་ཚར་ནས་དངོས་སུ་འགོ་བཙུགས་པའི་སྐབས་ལ་ང་ཚོར་དཀའ་ངལ་ཞིག་འཕྲད་པ་རེད། དེ་ནི་དབྱིན་ཇི་ལས་ཡིན་ན་རེད། དེང་སང་སྐད་སྒྱུར་བྱས་བསྡད་ཡོད་པའི་མི་བརྒྱ་ཆ་༨༠ནས་༩༠ཡིས་བོད་ཡིག་ཏོག་ཙམ་ཤེས་རུང་ཁ་སྐད་ཁྱོན་ནས་ཤེས་ཀྱིན་མེད་པ་ཧ་གོ་སོང་། དེ་བས། དཀའ་ངལ་དེ་སེལ་བའི་ཆེད་དུ་ང་ཚོས་དང་པོ་དྲ་ཐོག་གི་སློབ་གྲྭ་ཞིག་དང་། དེའི་རྗེས་ལ་མྱུར་སྦྱོང་གི་སློབ་གྲྭ་ཞིག་བཙུགས་ཡོད།
            དེ་ཡང་། དྲ་རྒྱ་འདི་བཟོས་ཚར་ནས་ཁོང་ཚོ་ལ་འབྲེལ་བ་བྱས་དུས་ཁོང་ཚོས་ཀྱང་ཧ་ཅང་ཡག་པོ་རེད། ང་ཚོར་དགོས་རྒྱུ་དེའང་དེ་རང་རེད་ཟེར། ཡིན་ན་ཡང་། “ཕར་ཕྱོགས་བོད་ཀྱི་མཁས་པ་དེ་དབྱིན་ཇི་ཡི་ཚད་ཧ་ཅང་ཡག་པོ་ཡོད་ན་མ་གཏོགས་ང་ཚོར་རྩ་བ་ནས་ཕན་ཐོག་ས་མ་རེད་ཟེར་གྱིན་འདུག དེ་ཡང་ག་རེ་ཡིན་ནམ་དྲིས་དུས། “དཔེར་ན། ངས་དབུ་མའི་གཞུང་ཞིག་བསྒྱུར་བསྡད་མོད་ང་རང་གིས་བོད་སྐད་ཡག་པོ་མི་ཤེས་ཙང་ངས་དབུ་མའི་སྐོར་གྱི་དྲི་བ་གཅིག་ཀྱང་བོད་སྐད་ཀྱི་སྟེང་ནས་འདྲི་དགོས་ཚེ་ང་ལ་བོད་སྐད་ཀྱི་འདང་གི་མི་འདུག་ཟེར། “གལ་སྲིད་དྲི་བ་སྔ་ས་ནས་བཀོད་སྒྲིག་བྱས་ནས་དྲིས་པ་ཡིན་ནའང་། དྲིས་ལན་གནངས་པ་གོ་མི་ཐུབ་པ་རེད།ཟེར། དེར་ངས་དེའི་ཕྱོགས་ལ་ཐུགས་ཁུར་ཁྱོན་ནས་གནང་དགོས་ཀྱི་མེད་ཅེས་ལབ་ཡིན། “ཁྱོད་ཚོ་རྒྱ་གར་ལ་ཡོང་མི་དགོས་པའི་ཐོག་ནས། བོད་ལའང་ཕེབས་མི་དགོས་པའི་སྟེང་ནས་བོད་ཀྱི་སྐད་ཡིག་སྦྱང་སའི་སྡིངས་ཆ་ཞིག་བསྐྲུན་ཆོགཅེས་ལབ་པ་ཡིན་ལ་རྒྱ་གར་ལ་ཚུར་ཡོང་ནས་དྲ་ཐོག་སློབ་གྲྭ་འདི་བཙུགས་པ་ཡིན། ཁ་སྐད་མྱུར་སྦྱོང་ཞེས་ཟླ་གསུམ་བཞི་ཙམ་ཟ་སྐད་འཐུང་སྐད་ཏག་ཏག་ཤེས་ཐུབ་པར་བྱེད་བཞིན་པ་རེད།
            ད་ལྟའི་སྐད་སྒྱུར་ཚོས་བོད་པ་ཚོ་མཉམ་དུ་སྐད་ཆའི་གོ་བརྡ་འཕྲོད་ཀྱིན་མེད་ནའང་ཁོང་ཚོས་(Classical Tibetan)གི་ཐབས་ལམ་བེད་སྤྱོད་བཏང་ནས་སྒྱུར་ཐུབ་གྱི་འདུག་ཟེར་བ་རེད། དེ་ནི་གང་རེད་ཟེར་ན། དཔེར་ན། ང་ཁྱོད་ལྟ་བུ་ཞིག་ཡིན་ན་ཨུ་རུ་སུ(Russia)ཡི་ཡི་གེ་ཞིག་བོད་སྒྱུར་བྱེད་དགོས་བྱུང་ན་ལམ་སེང་དཔེ་ཁང་ནས་ཨུ་རུ་སུ་དང་བོད་སྐད་ཤན་སྦྱར་གྱི་ཚིག་མཛོད་ཅིག་ཉོས་ཡིག་སྒྱུར་འགོ་བརྩམ་པ་དང་གཅིག་པ་རེད། འགྱུར་གྱི་འབྲས་བུ་ཡག་པོ་ཡོང་མིན་ཕལ་ཆེར་བཤད་མ་དགོས་པ་རེད། 
            དེའི་སྐོར་ལ་ང་རང་སྒེར་གྱི་ངོས་ནས་བཤད་ན་ང་རང་དངོས་གནས་ཧ་ལས་དགོས་པ་འདྲ་ཞིག་ཆགས་སོང་། ཕྱི་རྒྱལ་གྱི་སྐད་སྒྱུར་ལ་ཧ་ལས་མ་སོང་། བོད་ཀྱི་བླ་མ་དང་མཁན་པོ་རིན་པོ་ཆེ་དེ་ཚོར་དངོས་ནས་ཧ་ལས་སོང་། རྒྱུ་མཚན་ག་རེ་རེད་ཟེར་ན་ནང་ཆོས་དེ་འཛམ་གླིང་ལ་དར་དགོས་ཡོད་གསུང་གིན་ཡོད་རེད། ཡིན་ན་ཡང་། ལས་ཀ་དེ་ཆེད་ལས་པའི་ལས་ཀ་འདྲ་བོ་ཞིག་ཆགས་རྒྱུར་ཐབས་ཤེས་གཏོང་མཁན་གཅིག་ཀྱང་མཐོང་རྒྱུ་མི་འདུག ཁོང་རྣམ་པས་རེ་བ་བརྒྱབ་སའི་འབྲས་བུ་དེ་བསྒྱུར་དག་པོ་ཡོང་བ་དང་ནང་ཆོས་ཡག་དག་པ་དར་བ་དེ་ཡིན་ནའང། འབྲས་བུ་དེ་བསྐྱེད་བྱེད་ཀྱི་རྒྱུ་རྐྱེན་གཉིས་ལོ་ཙཱ་བ་དང་པཎྡི་ཏ་ཆེད་ལས་པ་གཉིས་ལ་བསམ་བློ་བཏང་གི་མི་འདུག་ལ་གསོ་སྐྱོང་ཡང་བྱེད་ཀྱི་མི་འདུག ངའི་བསམ་པར་སྨོན་ལམ་རྐྱང་བ་བརྒྱབ་བསྡད་ན་ནང་ཆོས་འཛམ་གླིང་ལ་ཡང་དག་པར་དར་སྲིད་རྒྱུ་མ་རེད་བསམ། འབྲས་བུ་དེ་འདྲ་ཞིག་དགོས་ན་དང་པོ་དེ་ཡོང་སའི་རྒྱུ་རྐྱེན་ཚད་ལོན་པ་ཞིག་བསྐྲུན་ཐུབ་དགོས་པ་རེད། འདི་གཉིས་འཛོམས་ཚར་ན་འབྲས་བུ་མི་དགོས་བསམ་ནའང་རང་བཞིན་གྱིས་འགྲུབ་ཡོང་གི་རེད།
            ད་ལྟ་དབྱིན་ཇིའི་སྐད་སྒྱུར་ཆེད་ལས་པ་ཁྱོན་ནས་མེད་པའི་རྒྱུ་མཚན་གང་ཡིན་བལྟས་དུས་འདུག་བལྟས་དུས། ཕྱོགས་གཅིག་ནས་དབྱིན་ཇི་མགོ་སེར་ཁོང་ཚོའི་ནོར་འཁྲུལ་ཞིག་རེད་དེ། ནོར་འཁྲུལ་ཆེ་ཤོས་དེ་བོད་ཀྱི་བླ་མ་ཚོ་ལ་ཡོད་པ་རེད་སྙམ། དེ་ནི་དབྱིན་ཇི་བ་ཁ་ཤས་རྒྱ་གར་ལ་ཚུར་ཡོང་ནས་ཁ་སྐད་ཅུང་ཙམ་རེ་སྦྱང་ནས་བོད་སྐད་ཤེས་ལ་མ་ཤེས་ཀྱིས་ལམ་སེང་ཕྱི་རྒྱལ་ཁག་ལ་སྐོར་བ་ཞིག་རྒྱག་པར་འགྲོ་དགོས་ཡོད་ཅེས་སྐད་བསྒྱུར་བ་བཟོ་བཞིན་འདུག བོད་ཀྱི་བླ་མ་ཚོས་ཁྱེད་ཚོས་དང་པོ་སྐད་ཡག་པོ་སྦྱོངས། སྒྱུར་གྱི་ཐབས་ལམ་ཡང་ཡག་པོ་སྦྱོངས་། སྐད་སྒྱུར་ཆེད་ལས་པ་ཆགས་ཚར་ན་ད་གཟོད་སྐད་བསྒྱུར་ཤོགལབ་ན་ད་ལྟའི་དཀའ་ངལ་འདིར་འཕྲད་རྒྱུ་མ་རེད། དཔེར་ན། བལ་ཡུལ་དུ་སློབ་གྲྭ་ཞིག་ཡོད་རེད། ཁོང་ཚོས་ལོ་གཅིག་གི་ནང་ལ་ནང་ཆོས་ཀྱི་སྐད་སྒྱུར་བ་བཟོ་བཞིན་ཡོད་ཟེར་གྱིན་ཡོད་པ་རེད། དྷ་སར་ལོ་གཉིས་རེད་འདུག ངོ་མར་བཤད་ན་དེ་འདྲའི་ཆུ་ཚོད་ཐུང་ཐུང་ཞིག་ལ་ཡོང་སྲིད་པ་མ་རེད། སྐད་སྒྱུར་ཆེད་ལས་པ་ཆགས་སྲིད་པ་མ་རེད་ལ། ཆེད་ལས་པའི་ལས་ཀའང་རྩ་བ་ཉིད་ནས་ཡོང་སྲིད་པ་མ་རེད། ཡུ་རོབ་ལ་ཟ་མ་བཟོ་སྟངས་ཙམ་གྱི་དེབ་དེ་འདྲ་ཞིག་བསྒྱུར་ནས་འདོན་དགོས་པ་ཡིན་ན། ཐོག་མར་མ་མཐར་ཡང་ལོ་ལྔར་སྤྱིར་བཏང་སྐད་སྒྱུར་གྱི་སློབ་སྦྱོང་བྱེད་དགོས་པ་རེད་ལ། དེའི་སྟེང་ཟ་མ་བཟོ་སྟངས་ཀྱི་ཆེད་ལས་ལ་ཟླ་དྲུག་གམ་ལོ་གཅིག་ལ་སློབ་སྦྱོང་བྱེད་དགོས་པ་རེད། དེ་ལྟར་མ་བྱས་པ་ཡིན་ན་ཁོང་གི་བསྒྱུར་བ་དེར་གླ་ཆ་རག་སྲིད་ཀྱི་མ་རེད། ཕྱི་རྒྱལ་ཡིན་ན་དེ་རེད། ནང་ཆོས་ཀྱི་ཆེད་དུ་ཡིན་ན་ཁྱོན་ནས་འདྲ་གི་མ་རེད། དཔེར་ན། ཁ་སང་དེ་རིང་༨༤༠༠༠ཟེར་བའི་ཚོགས་པ་ཞིག་བཙུག་ཡོད་རེད། ཁོང་ཚོས་སྐད་སྒྱུར་༣༠ལྷག་ཙམ་གླ་ནས་བཀའ་འགྱུར་ཆ་ཚང་སྒྱུར་བཞིན་ཡོད་རེད། བཀའ་འགྱུར་ཤོག་ངོས་རེར་ཨ་སྒོར་༢༥༠ཙམ་སྤྲད་ཀྱི་ཡོད་རེད་དེ། ངའི་གོ་ཐོས་ལ་སྐད་སྒྱུར་ཆེད་ལས་པའི་སློབ་སྦྱོང་ཐོན་མཁན་གཅིག་ཀྱང་མི་འདུག་ཟེར། བོད་པ་ཚོ་དང་མཉམ་དུ་བོད་སྐད་གོ་བརྡ་སྤྲོད་ཐུབ་མཁན་ཡང་ཧ་ཅང་ཉུང་ཉུང་རེད་ཟེར། དེ་བས། ང་ཚོས་རྒྱུན་དུ་ནང་ཆོས་ཟེར་བ་དེ་ཧ་ཅང་གལ་ཆེན་པོ་དང་དོན་ཟབ་མོ་ཡིན་ཟེར་གྱིན་ཡོད་པ་རེད་མོད། དེར་ལོ་གཅིག་གཉིས་ཙམ་གྱི་སློབ་སྦྱོང་གིས་ཡིག་སྒྱུར་བྱས་པ་ཡིན་ན་སྒྱུར་ཡག་པོ་ཆགས་སྲིད་པ་མ་རེད། ང་སྒེར་བའི་བསམ་པ་ཡིན་ན་བོད་ཀྱི་བླ་མ་ཚོས་གནད་དོན་འདི་མ་མཁྱེན་པས་ཡིན་སྲིད་རྒྱུ་རེད། གཅིག་བྱས་ན། འདིའི་འགན་མ་ཁུར་བ་རེད་བསམ་གྱིན་ཡོད། སྐད་སྒྱུར་ཚད་ལོན་མེད་ཀྱང་སྐད་སྒྱུར་དང་ཡིག་སྒྱུར་བྱེད་པར་ཤོག་གསུངས་པ་འདི་ཁོང་རྣམ་པས་སོ་སོའི་མཛད་འཕྲིན་མ་གཏོགས་བསྟན་པ་སྤྱིའི་འགན་ཁུར་མ་ཐུབ་པའི་རྟགས་རེད་ལ་ཕྱི་རྒྱལ་གྱི་སློབ་མ་ལའང་ཤ་ཚ་དེ་ཙམ་མེད་པའི་རྟགས་རེད་བསམ་གྱིན་འདུག ནང་ཆོས་མི་ཉམས་དང་གོང་འཕེལ་གཉིས་ལས་བོད་སྐད་ཐོག་མི་ཉམས་པའི་ལས་ཀ་དེ་བྱེད་ཀྱིན་ཡོད་པ་རེད་དེ། གོང་འཕེལ་ལམ་དར་སྤེལ་གྱི་ཆ་དེའི་ཐོག་ནས་སྟོང་ཆ་ཆེན་པོ་ཞིག་ཆགས་ཡོད་རེད་བསམ་གྱིན་འདུག དར་སྤེལ་ཡང་དག་དང་བརྟན་པོ་ཞིག་དགོས་ན་གཙོ་བོ་ཡིག་སྒྱུར་ལ་ཤུགས་བརྒྱབ་དགོས་པ་ཤིག་ཆགས་ཡོད་རེད།
            དེ་ཡིན་པས། ང་ཚོ་ནང་བསྟན་སྲི་ཞུ་ཁང་ནས་ལས་ཀ་འདིའི་ཆ་ཤས་ཤིག་གྲུབ་པར་འབད་བརྩོན་བྱེད་ཀྱི་ཡོད། དང་པོར་མགོ་སེར་གྱི་ལོ་ཙཱ་བ་ཚོར་བོད་སྐད་ལ་སློབ་སྦྱོང་ཚད་ལྡན་ཞིག་སྤྲོད་པའི་ཐབས་ཤེས་བྱེད་ཀྱིན་ཡོད། འདི་ཡོང་བའི་ཆེད་དུ་དང་པོ་(Tibetan as a Second Language)ཏེ་སོ་སོའི་ཕ་སྐད་བོད་སྐད་མིན་པའི་སློབ་ཕྲུག་ཆེད་སློབ་དེབ་ཞིག་བསྒྲིག་བཞིན་ཡོད་ལ། སློབ་ཁྲིད་ཀྱི་ཐབས་ལམ་ལ་ཞིབ་འཇུག་བྱེད་བཞིན་ཡོད། དེ་གྲུབ་རྗེས་ཁོང་ཚོར་རོགས་པ་བྱེད་མཁན་གྱི་པཎྜི་ཏའི་དོད་བོད་ཀྱི་བླ་མ་དང་དགེ་བཤེས། མཁན་པོ་དེ་ཚོར་ལོ་གསུམ་རིང་དབྱིན་སྐད་དང་འགྱུར་གྱི་ཐབས་ལམ་སྐད་བརྡ་ཚན་རིག་གི་རྨང་གཞི་བཅས་སྤྲད་རྒྱུའི་འཆར་གཞི་ཞིག་སྒྲིག་བསྡད་ཡོད། དེ་ནས་དེ་གཉིས་ཀས་ལས་ཀ་མཉམ་རུབ་ཀྱིས་ལས་རྒྱུའི་དམིགས་ཡུལ་ཞིག་བཟུང་བསྡད་ཡོད་ལ། ལས་ཀ་དེ་ལས་སྐབས་ཚིག་མཛོད་མཉེན་ཆས་སོགས་ཆ་རྐྱེན་གང་དགོས་ནའང་དེ་བསྐྲུན་པའི་འབད་བརྩོན་བྱེད་རྒྱུ་ཡིན།
            དཔེར་ན། ང་ཚོས་དཀའ་འགྱུར་ཚང་མ་ (Unicode) ཞིབ་བསྡུར་ཞིག་བཏང་བསྡད་ཡོད། དེ་ཞིབ་བསྡུར་བཏང་ཚར་དུས་མི་སུས་བེད་སྤྱོད་བཏང་ནའང་གཏང་ཆོག་པ་འདྲ་ཞིག་བཟོ་བཞིན་ཡོད་པ་རེད།
            དྲི་བ། བཀའ་འགྱུར་ཞིབ་བསྡུར་བྱེད་ཀྱིན་པའི་མ་ཡིག་ཡི་གེར་གཏགས་ནས་ནང་འཇུག་བྱེད་མཁན་དེ་ཁྱོད་ཚོ་ཡིན་ནམ།
           ལན། དེ་ང་ཚོ་མ་རེད། དེ་ཡང་ཞིབ་བསྡུར་རིམ་པ་གཉིས་བྱེད་ཀྱིན་ཡོད་ལ་དང་བོ་བཀའ་བསྟན་དཔེ་བསྡུར་མ་ལས་བཀའ་འགྱུར་དང་གཉིས་པ་ཕྱི་རྒྱལ་མཐོ་སློབ་ཞིག་གིས་ནང་འཇུག་བྱས་པ་དེ་གཉིས་བསྡུར་ནས་ཞུ་དག་བཏོང་བཞིན་ཡོད་པ་དང། བཀའ་བསྟན་དཔེ་བསྡུར་མའི་ནང་འཇུག་དེ་(OCR)མཉེན་ཆས་ལ་བརྟེན་ནས་ནང་འཇུག་བྱས་པ་ཞིག་རེད། (OCR) དེ་ཡང་ལག་བྲིས་དང་ཤིང་དཔར་ལ་མི་འགྲོ་བས་ལྕགས་དཔར་བཀའ་བསྟན་དཔེ་བསྡུར་མ་མ་གཏོགས་པར་གཞན་ལ་འགྲོ་ས་ཡོད་མ་རེད། དེ་བས་ནང་འཇུག་འདི་གཉིས་བསྡུར་ཡོང་དུས་དེ་གཉིས་ཀྱི་ཁྱད་པར་ཚང་མ་ཐོན་ཡོང་གི་ཡོད་པ་རེད། མི་གཉིས་ཀྱིས་ནོར་འཁྲུལ་ཤོར་ཡོད་ན། ནོར་འཁྲུལ་ཤོར་ས་དེ་གཅིག་པ་གཅིག་རྐྱང་ཡིན་ས་ཧ་ཅང་དཀོན་པོ་རེད། དེ་ནས་ནོར་འཁུལ་ཁ་ཁ་བ་དེ་ཚོ་ལམ་སེང་དམར་བོ་ཆགས་ཡོང་དུས་ང་ཚོས་བཙལ་ནས་ཞིབ་བསྡུར་བྱེད་རྒྱུ་དེའང་ཧ་ཅང་ལས་སླ་རུ་སོང་ཡོད་པ་རེད། དེ་སོང་ཚར་དུས་(InDesign)ནང་ལ་མ་དཔེ་ཁག་གཉིས་དང་བུ་དཔེ་ཆ་ཚང་མཉམ་དུ་ཤར་རྒྱུ་ཡོད་པ་བཟོས་ནང་ཞུ་དག་མཐའ་མ་འདི་གཏོང་གིནནཡོད། དེ་ལྟ་བུའི་ཞུ་དག་རིམ་པ་གཉིས་ཚར་ན་དྲ་རྒྱའི་ཐོག་ནས་སུས་བེད་སྤྱོད་བཏང་ནའང་རིན་མེད་ཀྱི་ཐོག་ནས་བེད་སྤྱོད་བཏང་རྒྱུ་ཡོད་པ་བཟོས་རྒྱུ་ཡིན།
            དྲི་བ། དཔེར་ན་ཁྱེད་ཚོས་སྡེ་དགེ་དཔར་མ་དང་སྣར་ཐང་དཔར་མ་ཟེར་བ་ལྟ་བུ་དག་ལས་གཙོ་བོ་གང་ཞིག་ལ་གཞི་འཛིན་གྱིན་ཡོད་པ་རེད་དམ།ཁྱེད་ཚོའི་བཀའ་འགྱུར་ཞིབ་བསྡུར་གྱི་ཕྱག་ལས་འདི་སྔར་བོད་ཕྱི་ནང་གཉིས་ནས་བྱས་མྱོང་མེད་པ་རེད་དམ།
            ལན། ད་ལྟ་ང་ཚོའི་ཞིབ་བསྡུར་གྱི་ལས་ཀ་འདི་TBRCཚོགས་པ་དང་མཉམ་འབྲེལ་གྱིས་གཙོ་བོ་༨༤༠༠༠ཚོགས་པའི་ཆེད་དུ་བྱེད་ཀྱིན་ཡོད། ༨༤༠༠༠ཚོགས་པས་སྡེ་དགེ་བཀའ་འགྱུར་དབྱིན་སྐད་དུ་སྒྱུར་བཞིན་ཡོད་པས་སྡེ་དགེ་བཀའ་འགྱུར་ལ་ཞུ་དག་བྱེད་ཀྱིན་ཡོད། བཀའ་འགྱུར་དཔར་མ་མང་པོའི་ནང་ནས་ཡག་སྡུག་འདྲ་ཡོད་རེད་བསམ་གྱི་མི་འདུག སྤྱིར་བཏང་ནང་འཇུག་གི་ལས་ཀ་འདི་བོད་ཕྱི་ནང་གཉིས་ཀྱི་ཚོགས་པ་ཁ་ཤས་ཀྱིས་བྱས་ཚར་ཡོད་ན་ཡང་། ཞུ་དག་ཆ་ཚང་སོང་བ་འདི་བཀའ་བསྟན་དཔེ་བསྡུར་མ་གཅིག་པོ་ཡིན་ས་རེད། མ་ཟད་ནང་འཇུག་ཡོད་པ་དེ་ཚོ་མི་ཚང་མར་སྤྲད་ཀྱི་ཡོད་མ་རེད། ང་ཚོས་ཞུ་དག་འདི་ཚར་བའི་རྗེས་ལ་e-book, དང་ i-book, word-file སོགས་ཀྱི་ཐོག་ནས་དྲ་རྒྱ་གང་མང་མང་གི་སྟེང་དུ་འཇོག་རྒྱུ་ཡིན།  བཀའ་འགྱུར་གློག་ཀླད་ནང་ལ་ཡོད་ན་ཕར་ཚུར་འཁྱེར་བདེ་བོ་ཡོད་རེད་ལ། ལུང་བྱེ་བྲག་པ་རེའམ་ཐ་སྙད་བྱེ་བྲག་པ་རེ་དགོས་ན་ཧ་ཅང་འཚོལ་བདེ་བོ་ཡོད་རེད།
            དྲི་བ། ནང་བསྟན་སྲི་ཞུ་ཁང་དུ་ཡན་ལག་ཚོགས་པ་ག་ཚོད་ཡོད་དམ། དེར་ལས་བྱེད་མི་སྣ་ག་ཚོད་ཅིག་ཡོད་པ་རེད།
          ལན། ང་ཚོའི་འདིར་ཡན་ལག་ཚོགས་པ་མང་བོ་ཞིག་ཡོད་པ་མ་རེད། ཚོགས་པའི་ཨ་མ་དེ་ཧྥ་ནར་སི་རུ་ཡོད་པ་རེད། འདིར་ང་ཚོར་ཕལ་སྐད་ཞིབ་འཇུག་ཚོགས་པ་གཅིག་དང་། དྲ་ཐོག་སློབ་གྲྭ་གཅིག མྱུར་སྦྱོང་སློབ་གྲྭ་གཅིག་བཅས་ཁྱོན་ལས་ཁུངས་གསུམ་ཙམ་ཞིག་ཡོད། ལས་བྱེད་མི་སྣ་ཁྱོན་༧༠ཙམ་ཞིག་ཡོད་པ་རེད། དྲ་ཐོག་དང་མྱུར་སྦྱོང་གི་དགེ་རྒན་རྣམས་དང་ཞིབ་འཇུག་པ་རྣམས་སོ།།
            དྲི་བ། ཁྱོད་ཚོས་དྲ་ཐོག་སློབ་གྲྭ་དང་མྱུར་སྦྱོང་སློབ་གྲྭའི་སྐད་ཀྱི་ཁྲིད་བྱ་གཙོ་བོ་ཡིག་སྐད་ཡིན་ནམ་ཁ་སྐད་ཡིན།
          ལན། གོང་དུ་ཞུས་པ་བཞིན་ང་ཚོའི་སློབ་གྲྭའི་དམིགས་ཡུལ་གཙོ་བོ་འདི་ནང་བསྟན་རིག་གནས་གོ་ཐུབ་པར་འབད་པ་འདི་རེད། སློབ་ཕྲུག་ཚོ་མགོ་སེར་ཡིན་ནའང་འདི་རེད། བོད་པ་ཡིན་ནའང་འདི་རེད། དེ་ཡིན་པས་ང་ཚོས་རིམ་བཞིན་སྦྱོར་ཀློག་དང་། ཁ་སྐད། ཡི་གེ། གསར་འགྱུར། ནང་ཆོས་གྱི་དཔེ་ཆ་བཅས་ཁྲིད་ཀྱིན་ཡོད། ཡིན་ནའང་ད་ལྟ་ཕལ་སྐད་སྦྱོང་མཁན་མང་ཤོས་ཡིན། དེས་ཕྱི་རྒྱལ་དུ་སྡོད་མཁན་བོད་ཀྱི་ཕྲུ་གུ་མང་བོ་ཞིག་ལ་ཕན་ཐོག་གི་འདུག དང་བོར་ཕལ་སྐད་མ་ཤེས་ན་ང་ཚོའི་ཤེས་རིག་ལས་ཁུངས་ཀྱི་སློབ་དེབ་དང་བོད་ནས་བཏོན་པའི་སློབ་དེབ་དེ་ཚོ་བེད་སྦྱོང་བཏང་ཡང་ཕན་ཐོག་པོ་རང་མི་འདུག དེ་གང་ཡིན་ཟེར་ན། ཁ་སྐད་དམ་ཕལ་སྐད་ཤེས་ཚར་ནས་རྗེས་ལ་ཡིག་སྐད་བསླབ་དགོས་པ་ཡིན་པས་སོ།། དཔེར་ན་ང་ཚོས་ཀྱང་དབྱིན་ཇི་བའི་སློབ་དེབ་དང་བསླབ་སྟངས་དེ་ཚོར་མིག་དཔེ་བལྟས་ནས་སློབ་ཁྲིད་ཀྱི་ཐབས་ལམ་དང་བོད་ཀྱི་ཕལ་སྐད་ཀྱི་སློབ་དེབ་འདྲ་ཞིག་སྒྲིག་གི་ཡོད་ལ་ལས་བྱེད་མང་ཆེ་ཤོས་ཀྱིས་འདིས་སྟེང་ལ་ཤུགས་བརྒྱབ་བསྡད་ཡོད་པ་རེད།
           དྲི་བ། ཚོགས་པ་འདིས་གཙོ་བོ་ནང་ཆོས་ཀྱི་སྟེང་ནས་ལས་ཀ་བྱེད་ཀྱིན་ཡོད་པས་ནང་བསྟན་རིག་གནས་དང་ཐག་ཉེ་ཤོས་དེ་ཆོལ་ཁ་གསུམ་པོའི་སྐད་ལས་གང་ཞིག་རེད་སྙམ། དེ་ལ་ཁྱད་པར་འདྲ་ཡོད་དམ།
            ལན། དེ་ལ་ཁྱད་པར་ཆེན་པོ་ཡོང་གི་འདུག   ང་ཚོའི་བོད་ཀྱི་ཕལ་སྐད་ཀྱི་ཐོག་ལ་ཞིབ་འཇུག་བྱེད་བཞིན་ཡོད། དེའི་ནང་ལ་གསལ་བོ་ཆགས་ཡོང་གི་འདུག   སྔོན་མ་སྐད་གསར་བཅད་རིམ་པ་གསུམ་གྱི་སྐབས་ལ་གཞི་འཇོག་ས་དེ་ལྷ་ས་སྐྱིད་གཞུང་གི་སྐད་དེ་བཞག་ཡོད་པ་རེད།   ང་ཚོའི་འདི་ལ་ཡང་དབུས་སྐད་དེ་གཞི་ལ་བཞག་ན་ཡག་པོ་མིན་ནམ་བསམ་སོང་།   དེ་མིན་ཐག་ཉེ་རིང་ལ་དབྱེ་བ་ཕྱེ་རྒྱུ་དེ་ཁག་པོ་འདུག    ང་ཚོ་ལ་དཀའ་ངལ་འཕྲད་ས་གཙོ་བོ་དེ་མིང་ཚིག་དང་ཚིག་སྦྱོར། ཕྲད་སོགས་ཀྱི་འགྲོ་སྟངས་དེ་ནས་ཡོང་གི་ཡོད་པ་རེད།  དབྱེ་བ་གཙོ་བོ་གསུམ་འདྲ་བོ་ཞིག་ཡོད་པ་རེད།   ཐ་སྙད་ཀྱི་ཕྱོགས་ནས་བཤད་པ་ཡིན་ན་གང་ཐག་ཉེ་བོ་ཡོད་པ་བཤད་མི་ཐུབ་པ་འདྲ་ཞིག་རེད།    ཚིག་སྦྱོར་དང་ཕྲད་བྱ་ཚིག་གི་རྣམ་འགྱུར་སོགས་ཀྱི་ཆ་ནས་ཞུས་པ་ཡིན་ན་དང་པོ་སྐད་གསར་བཅད་སྐབས་སུ་དབུས་སྐད་ལ་གཞི་བཞག་ཡོད་པས་དེ་དང་ཐག་ཉེ་བོ་མེད་དམ་བསམ་པ་ཞིག་འདུག བོད་མི་མ་ཡིན་པའི་ཕྱི་རྒྱལ་གྱི་མི་བོད་སྐད་རྩ་བ་ནས་མི་ཤེས་མཁན་ཞིག་གིས་ནང་ཆོས་སྦྱོང་བའི་ཆེད་དུ་བོད་སྐད་སྦྱང་བ་ཡིན་ན་ཐ་སྙད་ལ་བསམ་བློ་གཏོང་དགོས་པ་རེད་ལ་བརྡ་སྤྲོད་ལ་ཡང་བསམ་བློ་གཏོང་དགོས་པ་རེད།    ཕལ་ཆེར་དབུས་སྐད་ཀྱི་ཕལ་སྐད་ཀྱི་བརྡ་སྤྲོད་དང་ཡིག་སྐད་གཉིས་ཐག་ཉེ་བོ་མེད་དམ་བསམ་བསམ་ཞིག་འདུག  སྔོན་མ་སྐད་གསར་བཅད་ཀྱི་སྐབས་སུ་དབུས་སྐད་ནང་གི་གང་གཅེས་གཅེས་དང་གང་བཟང་བཟང་དེ་གཞི་ལ་བཞག་ནས་གཏན་འབེབས་བྱས་ཡོད་གསུངས་འདུག དེ་བས། དེང་སང་ཡང་ནང་ཆོས་ལ་དོན་གཉེར་གནང་མཁན་ཚོས་བོད་སྐད་སྦྱོང་དུས་དབུས་སྐད་གཙོ་བོ་སྦྱང་ན་ཡག་པོ་འདུག་བསམ་སོང་།
            དྲི་བ། སྤྱིར་བཏང་བོད་ནང་ལོགས་སུ་ཡིག་བསྒྱུར་བ་མང་བོ་ཞིག་འཚར་ལོང་བྱུང་འདུག་ལ་དེ་བཞིན་བཙན་བྱོལ་དུའང་མི་ཉུང་བ་ཞིག་ཡོང་གིན་ཡོད་པ་རེད།དེ་ལ་ཁྱེད་རང་གིས་བལྟས་ན་ཁྱད་པར་ག་རེ་ཡོད་དམ། དེའི་སྐོར་ལ་དོ་སྣང་བྱེད་རྒྱུ་བྱུང་སོང་ངམ།   
            ལན། ཁྱད་པར་ཡོང་གི་འདུག སྤྱིར་བཏང་རྩོམ་གྱི་ཡག་སྡུག་ལ་བལྟས་བ་ཡིན་ན་བོད་ནས་བསྒྱུར་བ་དེ་ཚོ་ཡག་པོ་འདྲ་བོ་མཐོང་གི་འདུག  ཁྱད་པར་གཙོ་བོ་དེ་བོད་ནས་བསྒྱུར་ཡོད་པ་དེ་ཚོ་མ་དཔེ་དེ་རྒྱ་ཡིག་ནས་ཚུར་བོད་ཡིག་ནང་དུ་བསྒྱུར་གྱིན་ཡོད་པ་རེད།   དེ་བསྒྱུར་ཡོང་དུས་རིམ་པ་མང་པོ་ཞིག་འགྲོ་དགོས་པ་རེད།  དེ་བས། ཅུང་ཙམ་ཐག་རིང་པོ་འདྲ་བོ་ཞིག་ཡོང་གི་མེད་དམ་བསམ་པ་ཞིག་འདུག   ཡིན་ནའང་འགྱུར་གྱི་རྩོམ་ལུས་ལ་ཅིག་བལྟས་འོང་དུས་ཧ་ཅང་འདྲ་ཆགས་པོ་ཡོང་གི་འདུག   རྒྱ་གར་ནས་བསྒྱུར་ཡོད་པ་དེ་ཚོ་ཕལ་སྐད་ནས་ཅུང་ཙམ་ཡོལ་དེ་བཞིན་བརྡ་སྤྲོད་ནས་ཅུང་ཙམ་ཡོལ་ཡོད་པས་སྐད་ཀྱི་རིམ་པ་མང་པོ་ཞིག་བཀྲུག་བཀྲུག་བཏང་ཡོད་པ་འདྲ་བོ་འདུག      དེ་བསྒྱུར་མཁན་ངོས་ནས་གཙོ་བོ་ཚིག་མཛོད་བེད་སྤྱོད་བྱས་ཡོད་པའི་ཚོར་བ་སླེབས་ཡོང་གི་འདུག    ཚིག་མཛོད་དེ་བེད་སྤྱོད་བཏང་ཡོང་དུས་ཐ་སྙད་ཁ་ཤས་ཡུལ་སྐད་ནང་དུ་ཡོང་གི་རེད་ལ་ཡང་ཐ་སྙད་ཁ་ཤས་ཡིག་སྐད་ཀྱི་ཐ་སྙད་ཡོང་གི་ཡོད་པ་རེད།   ཡང་མཚམས་མཚམས་སུ་ཆོས་ཚིག་རེ་འཁྱེར་ཡོང་གི་རེད།     དེ་ཚང་མ་མཉམ་དུ་བསྲེས་ཡོང་དུས་ཁྱོན་ནས་བདེ་བོ་མེད་པ་ཞིག་ཆགས་ཡོང་གི་འདུག    དེའི་ཚོར་བ་ཤུགས་ཆེན་པོ་སླེབས་ཡོང་གི་འདུག བོད་ཕྱི་ནང་གཉིས་ཀྱི་བསྒྱུར་ནོར་ལ་བལྟ་དུས་མ་ཡིག་གི་གོ་བ་འདི་སྐད་སྒྱུར་རང་ཉིད་ཀྱིས་བླང་ཡོད་པ་གསལ་པོ་མཐོང་གི་འདུག དབྱིན་སྐད་སོ་སོའི་ཕ་སྐད་མིན་ན་དོན་དག་མང་པོ་ཞིག་ཏག་ཏག་རྟོགས་ཐུབ་གྱི་མ་རེད། ཡང་བོད་པ་ཁ་ཤས་ཀྱིས་བོད་སྐད་ནས་ཕར་སྐད་རིགས་གཞན་པའི་ནང་ལ་སྒྱུར་ཡོང་གི་འདུག མང་ཆེ་བ་ཡག་པོ་རང་ཡོང་གི་མི་འདུག ཡིག་སྒྱུར་བྱས་དུས་སོ་སོའི་ཕ་སྐད་ནང་ལ་ཚུར་སྒྱུར་བ་མ་གཏོགས་སྐད་རིགས་གཞན་ནང་ལ་ཕར་སྒྱུར་བའི་འགྲོ་སྲོལ་ཡོད་པ་མ་རེད། དེ་ཡིན་པས་བོད་སྐད་ནས་ཕར་ཚུར་ཡིག་སྒྱུར་ག་རེ་བྱེད་ནའང་འདས་པའི་དུས་ཀྱི་ལོ་ཙ་བ་དང་པཎྡིཏའི་སྒྱུར་སྟངས་ལ་མིག་དཔེ་བལྟས་ནས་སྐད་རིགས་གཞན་པ་དེ་སོ་སོའི་ཕ་སྐད་ཡིན་པའི་ཆེད་ལས་པ་ཞིག་དང་མཉམ་དུ་ལས་ཀ་བྱས་ཐུབ་ན་འགྱུར་ཚང་མ་ཡར་རྒྱས་ཆེན་པོ་འགྲོ་གི་རེད་བསམ་གྱི་འདུག
            དྲི་བ། ཁྱེད་རང་གིས་བསམ་ན་ཚོགས་པ་འདི་ཉིད་མུ་མཐུད་དུ་འདི་ལྟར་ལོ་མང་པོ་ཞིག་ལ་རྒྱུན་བསྐྱང་ནས་སོང་བ་ཡིན་ན་མ་འོངས་པར་ཚད་གང་འདྲ་ཞིག་ལ་སླེབས་ཐུབ་ཀྱི་རེད་བསམ་གྱི་འདུག འབྲས་བུ་ཡག་པོ་ཞིག་རག་པར་ཉིད་ལ་ཡིད་ཆེས་ཡོད་དམ།  
            ལན། ངའི་དམིགས་ཡུལ་དང་པོ་དེ་བོད་པའི་སྤྱི་ཚོགས་ནང་གི་བླ་མ་དང་དགེ་བཤེས་མཁན་པོ་ལྷག་པར་དུ་ཕྱི་རྒྱལ་དུ་ཕེབས་བསྡད་མཁན་ཚོས་ནང་བསྟན་ཆོས་ལུགས་བསྒྱུར་བའི་ལས་རིམ་གི་སྒང་ལ་དོ་སྣང་ཞིག་སླེབས་ཐུབ་ན་བསམ་བཞིན་ཡོད།     ཕྱི་རྒྱལ་ལ་ནང་ཆོས་ཡག་པོ་དར་མ་དར་ཁོང་རང་ཚོས་ནང་ཆོས་བསླབ་ཡོང་དུས་ཕར་དབྱིན་ཇི་ཡི་སྐད་དང་ཡི་གེའི་ནང་ལ་ཡག་པོ་ཞིག་བསྒྱུར་ཐུབ་དང་མ་ཐུབ་ལ་རག་ལས་ཡོད་པ་དེ་ཧ་གོ་ན་བསམ་བཞིན་ཡོད།    དེ་ཧ་གོ་ན་ཁོང་རྣམས་ཀྱིས་མཛད་འཕྲིན་དང་བསྟན་འགྲོ་ཡོངས་ལ་ཏན་ཏན་ཕན་ཐོག་ཆེ་བའི་ལས་ཀ་རྒྱ་ཆེན་པོ་ཞིག་ཡོང་གི་བསམ་བཞིན་ཡོད།    དེ་མིན་ལོ་ལྔའམ་བཅུ་ཙམ་གྱི་ནང་ལ་བོད་པའི་སྤྱི་ཚོགས་ཀྱི་ནང་ལ་ཡིག་སྒྱུར་ལས་རིམ་གྱི་ཐད་དང་། ཕལ་སྐད་དང་བསྟན་བཅོས་ཀྱི་སྐད་གཉིས་བསླབ་པའི་བརྒྱུད་རིམ་གྱི་ནང་ལ་ཆེད་ལས་པའི་དམིགས་ཡུལ་དང་། ཆེད་ལས་པའི་ལས་བྱེད། གང་ལྟར་ཆེད་ལས་པའི་ལས་ཀ་ཞིག་ཡོང་ཐུབ་ན་བསམ་གྱི་ཡོད། མདོར་ན་གནད་དོན་དེ་དག་དང་འབྲེལ་བ་ཡོད་པའི་མི་ཚང་མའི་སེམས་ནང་ལ་སངས་རྒྱས་ཀྱི་གོ་འཕང་ཐོབ་འདོད་ཡོད་ན་བསགས་སྦྱངས་ཀྱི་རིམ་པ་ལ་འབད་དགོས་པ་བཞིན། སློབ་སྦྱོང་དང་འགྱུར་ཡག་པོ་དགོས་ན་ཐོག་མར་དེ་དག་ཡོང་བའི་རྒྱུ་རྐྱེན་ཆེད་ལས་པའམ་ཚད་ལོན་པ་ཞིག་ལ་འབད་དགོས་པ་ཧ་གོ་ནས་དེ་དང་མཐུན་པའི་ལས་གཞི་རེ་འགོ་བརྩམ་པ་ཡིན་ན། དེ་ནི་ངེད་ཚོགས་པ་འདིའི་བྱས་རྗེས་ཆེ་ཤོས་གྲས་ལ་བརྩི་རྒྱུ་ཡིན། འདི་ཡང་ལོ་ཁ་ཤས་ཀྱི་ནང་ལ་ཡོང་ཐུབ་རྒྱུ་རེད་བསམ་བཞིན་ཡོད།
            དྲི་བ། མཐར་ཁྱེད་ལ་བཅར་འདྲིའི་གོ་སྐབས་འདི་བརྒྱུད་ནས་བོད་ཀྱི་སྤྱི་ཚོགས་ལ་དམིགས་བསལ་གྱི་སྐད་ཆ་འདྲ་ཞུ་རྒྱུ་ཡོད་དམ།
            ལན། ངའི་རེ་བ་ལ་བོད་ཀྱི་བླ་མ་དང་དེ་བཞིན་གདན་ས་ཁག་དང་ཕྱོགས་མཐའ་ཁག་ན་སློབ་སྦྱོང་གནང་མཁན་ཡིན་ནའང་རེད།    གང་ལྟར་ཚང་མས་སྐད་བསྒྱུར་གྱི་ཕྱོགས་ལ་དོ་སྣང་ཤུགས་ཆེན་པོ་ཞིག་སྤྲོད་རོགས་གནང་ཞུ་རྒྱུ་ཡིན།   དེ་དོན་དངོས་གྱི་ནང་བསྟན་གནས་མ་གནས་ཀྱི་རྩ་བ་འདྲ་བོ་ཆགས་ཡོད་པ་རེད།   ད་དེང་སང་བཀའ་འགྱུར་བསྒྱུར་བཞིན་ཡོད་པ་རེད།   ཁོང་ཚོས་དབྱིན་སྐད་ཐོག་ནས་བསྒྱུར་ཚར་བ་དེ་ཚོ་སྐད་རིགས་གཞན་པ་ནང་ལ་བསྒྱུར་ཚར་ན་འཛམ་གླིང་ལ་ཁྱབ་ཚར་རེད།   དེ་འདྲ་ཡིན་པས་གལ་ཏེ་མ་དག་པ་ཞིག་བསྒྱུར་བ་ཡིན་ན། དེ་ནས་དངོས་གནས་ནང་པའི་ཆོས་ལ་ན་ཚ་ཆེན་པོ་ཞིག་སླེབས་པ་རེད་བསམ་གྱི་འདུག   དེང་སང་དབྱིན་ཇི་སྦྱོང་མཁན་ཇེ་མང་ཇེ་མང་རེད། དབྱིན་ཇི་ཏོག་ཙམ་ཤེས་མཁན་ཚོས་དབྱིན་སྐད་ནང་སོ་སོས་ཆོས་བཤད་ཐུབ་པ་ཙམ་གྱིས་འདོད་བློ་ཚིམ་ནས་མི་འདུག་པར། མགོ་སེར་གྱི་ལོ་ཙཱ་བ་ཚོས་གཞུང་ག་རེ་སྒྱུར་བཞིན་འདུག གང་འདྲ་བསྒྱུར་འདུག་སོགས་ལ་དོ་སྣང་སྤྲད་ནས། ཁོང་ཚོའི་སྒྱུར་ལ་ཞུ་ཆེན་སོགས་ཀྱི་ལས་རིམ་བསྒྲིགས་ཐུབ་ན་ད་གཟོད་དབྱིན་ཇི་སྦྱང་པ་འདི་གོ་ཆོད་པ་རེད་བསམ་གྱི་འདུག ཁ་སྔོན་མཁས་དབང་བཀྲ་ཤིས་ཚེ་རིང་གིས་གསུངས་ན་ནང་བསྟན་སྐད་རིགས་གཞན་ནང་དུ་བསྒྱུར་རྒྱུ་འདི་བོད་པས་ལས་འགན་མ་རེད། མགོ་སེར་ཚོར་བྱེད་བཅུག་དགོས་རེད་གསུངས་པ་འདི་བདེན་པ་རེད་དེ། བོད་ཀྱི་ནང་བསྟན་ཆོས་ལུགས་དེ་འཛམ་གླིང་ལ་ཡང་དག་པར་དར་བར་བྱ་རྒྱུ་དེ་བོད་པའི་བླ་མ་ཚོའི་ལས་འགན་རེད། དེ་ཡང་སྒྱུར་དག་མ་དག་ལ་རག་ལས་ཡོད་པས། ཁོང་རྣམ་པས་གནད་དོན་འདིར་ཐུགས་སྣང་དང་དེ་དང་མཐུན་པའི་བཀའ་སློབ་དང་མཛད་ཕྲིན་བསྐྱང་བའི་དུས་ཚོད་ལ་སླེབས་འདུག་བསམ། འདི་ཡང་བླ་མའི་ལས་འགན་གཅིག་པུ་རང་མ་རེད། བོད་པ་ཚང་མས་ལས་འགན་ཡང་རེད།
            བཅར་འདྲི་བས།  ལེགས་བྱུང། ཉིད་ཀྱིས་བཅར་འདྲི་དེང་ལེན་གནང་བར་ཐུགས་རྗེ་ཞུ། 
<<​སྤྱི་ཚོགས་མེ་ལོང་>>སྤྱིའི་འདོན་ཐེངས་༡༤༣པར་བཀོད་ཟིན། 

No comments:

Post a Comment