Monday 1 June 2020

ཕྱེ་མ་ལེབ་དམར་པོ།


ཕྱེ་མ་ལེབ་དམར་པོ།

____ འདྲ་པར་ཤིག་ལ་སེམས་གཏམ་ཤོར་བ།

སྐྲན། [ཨོ་གླིང་།]

ཁྱོད་ཀྱི་གཤོག་འགྱུ་བྱེ་ཐང་དུ་བསྒྱུར་དོན།
བརྩེ་སེམས་ལ་མུ་གེ་བྱུང་མྱོང་པས་མིན་ཡང་སྲིད།
ཕྱེ་མ་ལེབ་དམར་པོ།


 བྱེ་རྡུལ་གྱིས་མ་མནོལ་པའི་ཁྱོད་ཀྱི་གཤོག་པ་དམར་པོ།
མྱ་ངན་ཀྱིས་མ་གདུངས་པའི་བརྩེ་སེམས་དམར་པོ།
ཕོ་སྐྱེས་སུ་ཞིག་གི་ལུས་སེམས་སུ་བྱོན།
ཕྱེ་མ་ལེབ་དམར་པོ།

གནམ་ས་སྐྱ་ཐེར་རེར་མངོན་དོན།
ཁྱོད་ཀྱི་གཤོག་ཟུང་ལ་མཛེས་པ་སྣོན་ཆེད་རེད།
ཡང་ན། སྟེང་འོག་དབྱེར་མེད་དུ་འདྲེས་དོན།
ཁྱོད་ཀྱི་འདོད་འདུན་ལ་གཤོག་པ་འདོག་ཆེད་རེད།
ཕྱེ་མ་ལེབ་དམར་པོ།

ཁྱོད་ཉིད་། མེ་ཏོག་དང་རྩི་བཅུད།
མཐའ་ཡས་པའི་བརྩེ་སེམས་དང་ནམ་མཁའ།
ད་དུང་། བྱེ་ཐང་གི་ནགས་ཚལ་སྟུག་པོ། 
ཕྱེ་མ་ལེབ་དམར་པོ།

གཡའ་དག་པའི་ནམ་མཁའ་ཁྱོད་ལ་དབང་། 
དྭངས་གཙང་གི་བརྩེ་དུངས་ཀྱང་ཁྱོད་ལ་དབང་། 
རྟག་བརྟན་མཛེས་སྡུག་གི་གཤོག་ཟུང་ཁྱོད་ལ་དབང་།
བཀྲ་ཤིས་དོན་འགྲུབ་ཀྱི་འཇིག་རྟེན་ཁྱོད་ལ་དབང་།
ཕྱེ་མ་ལེབ་དམར་པོ།

26/05/2020

No comments:

Post a Comment