Saturday 28 December 2013

འགྱུར་ལྡོག ཞར་བཀོད་གཅིག



ཆུ་བུར་བཞིན་འཛུམ་ཞིང་།
ཚོམ་བུ་དང་ཚོམ་བུར་བགད་པ་འདིས།
ང་ཡི་རྨི་ལམ་ཞིག་དྲན་པར་བྱས།


སླར་ཡང་། སྟོན་རླུང་དང་བ་མོ་ཟེར་བ་དེས།
ང་ཡི་རྨི་ལམ་ཞིག་འཇིག་པ་དྲན་པར་བྱས།
2013/09/25


ནམ་མཁར་བལྟས་པ།

སྤྲིན་པ་དཀར་པོ་ལག་འཐིལ་ཙམ་པ་ཞིག
རླུང་ཆེན་པོས་གཏོར་པ་མཐོང་བས།
ངས་རང་ཉིད་ཀྱི་མཆི་མ་རྡོག་གཅིག་དེ་ག་ལེར་དྲན་བྱུང་།
རིན་ཐང་དང་བཅས་ཏེ་ཟགས་པ་ག་ལེར་དྲན་བྱུང་།

རླུང་ཆེན་པོར་བརྩེ་བ་མེད་ལ་རྣ་བའང་མེད་པས།
མི་སེམས་ཀྱི་མཛེས་པ་དང་ལྷད་མེད་ཅི་ཡང་གཏོར་ཡོད་ངེས།

དགའ་དུང་ཞེས་པའི་སྐར་མདའ་རིང་མོ་ཤིག་ཀྱང་།
རླུང་ཆེན་པོས་འདི་ལྟར་གཏུབ་ནས་ཡོང་ཡོད་སྲིད།
དྲན་གདུང་ཞེས་པའི་སེམས་འཕྲིན་རིང་མོ་ཞིག་ཀྱང་།
རླུང་ཆེན་པོས་འདི་ལྟར་དོར་ནས་ཡོང་ཡོད་སྲིད།

སེམས་འགྱུ་རྒོད་པའི་རྟོག་པ་ཡན་པ་དེ།
སྤྲིན་པ་དཀར་པོ་ལག་མཐིལ་ཙམ་པ་དེ།
རླུང་ཆེན་པ་ཁྱོད་རང་ཚུར་ཚུར་ལ་མ་གཡོ་རོགས།
རླུང་ཆེན་པོ་ཁྱོད་རང་ཕར་ཕར་ལ་མ་གཡུགས་རོགས།

 “
ནམ་མཁའ་ཡངས་པོ་ནམ་མཁའ་ཡངས་པོར་གྲུབ་པ་ནས།
རླུང་ཆེན་པོ་མི་སེམས་ཀྱི་ཆུ་འཁྱགས་ཁམ་གང་ངོ་།

No comments:

Post a Comment