Wednesday 9 April 2014

སྤྲིན་པ་དང་བརྩེ་བ།

སྤྲིན་པ་དང་བརྩེ་བ།

……..ས་མཐའ་ནས་ཕྱོགས་བཞིར་འཐོར་བའི་སེམས་གྲོགས་ཚོ་དྲན་པ།



སྙིང་ཉེ་བ་མང་བོ་ཞིག་སྤྲིན་པ་བཞིན་འདུས་ཏེ།
སླར་ཡང་སྤྲིན་པ་བཞིན་འཐོར་ནའང་།
ཞེ་འདང་དང་བརྩེ་བ་རྩྭ་ཟིལ་བཞིན་འཐོར་བར་བྱས་མེད།
རྡོག་སྣེས་བཏུས་ཤིང་ལག་པས་སྐྱོར་ཏེ།
སླར་ཡང་སྤྲིན་པ་བཞིན་ང་ཡི་ནམ་མཁའ་ལ་སྤུངས་ཡོད།

ཨ་ཕས་ང་ལ་གཏམ་རྒྱད་ཅིག་བཤད་མྱོང་སྟེ།
ཨ་མས་ཕྲན་ལ་འགྲོ་ལུགས་ཤིག་བསྟན་མྱོང་ཡོད།
ངས་ཀྱང་ལམ་འགྲམ་གྱི་སྐྱེ་དངོས་དག་མར་མར་ལ་རྒྱུ་དུས།
ད་གཟོད་ངེད་ཅག་ཡར་ཡར་ལ་ཆས་ཀྱིན་པའོ་ཟེར།
ད་དུང་གཞན་ཞིག་ནི་ཆུ་བོ་འདི་དག་གོ།
ཤར་ནས་ནུབ་དང་བྱང་ནས་ལྷོ་ལ་རྒྱུ་བའི་ཆུ་བོ་འདི་དག་གོ།
འདི་ཡིས་ནི་ང་ཚོའི་ཕྱི་ཐག་འཐུད་ཅིང་བཀྲུ་ངེས་ལ།
འདི་ཡིས་ནི་སླར་ཡང་ང་ཚོ་སྤྲིན་པ་བཞིན་གཅིག་ཏུ་བསྡུ་འོས་ཡིན།
03/04/2014

No comments:

Post a Comment