Sunday 6 July 2014

བཅར་འདྲི་ཞིག

འོད་སྡེར་གསར་བ་<<དྲན་གི>>ཞེས་པའི་སྐོར་ནས་ཁ་བརྡ་ཐུང་ངུ་ཞིག
བཅར་འདྲི་བ། རྡོ་རྗེ་ཚེ་རིང་།


བཅར་འདྲི་བ། རྡོ་རྗེ་ཚེ་རིང་།
གཅིག ཐོག་མར་ཁྱེད་རང་ངོ་སྤྲོད་མདོར་བསྡུས་དང་ཉིད་ཀྱི་ཆེད་སྒྲིག་འོད་སྡེར་གསར་བ་ཞེས་པའི་སྐོར་ནས་ཁ་བརྡ་ཞིག་བྱེད་རོགས།
ལན། ངའི་མིང་ལ་དབང་གྲགས་རྡོ་རྗེ་ཟེར་ཞིང་མདོ་སྨད་མགོ་ལོག་གི་འབྲོག་སྡེ་ཞིག་ཏུ་སྐྱེས།
གཉིས། ཉིད་ཀྱི་འོད་སྡེར་ནང་གི་གླུ་གཞས་དག་དང་དེ་དག་གི་ཚིག་དང་དབྱངས་ཀྱི་ཆ་ནས་ཁ་བརྡ་ཐུང་ངུ་ཞིག་བྱ་རོགས།
ལན། སྤྱིར་བཏང་ངའི་འོད་སྡེར་དུ་ཁྱོན་གླུ་གཞས་བརྒྱད་ཙམ་ཡོད། དབྱངས་ཀྱི་ཆ་ནས་ཡིན་ན་གཙོ་བོ་གནའ་དེང་གཉིས་ཀྱི་ཆ་ལ་ཤུགས་འདོན་བྱས་ཡོད་པ་དང་། དབྱངས་ལ་ཤས་དགེ་རྒན་རྣམས་ལ་སྐུལ་མ་བྱས་པའང་ཡོད། ང་རང་གིས་ལག་རྒོད་བྱས་ནས་བརྩམས་པའང་ཡོད། སྔོན་མའི་དབྱངས་རྟ་རྙིང་བ་སྙན་མོ་རེ་ཟུང་ལ་རམ་བཀྲོལ་གསར་སྣོན་བྱས་པ་ཁ་ཤས་ཀྱང་ཡོད། དེ་ནས་ཚིག་གི་ཆ་ནས་བཤད་ན་ཚང་མ་ང་རང་གི་བྲིས་པ་ཡིན། དེ་ཡང་གཙོ་བོ་ང་རང་གི་ཞེ་དྲགས་ཡག་པོ་ཞིག་བྲི་ཤེས་ཀྱིན་ཡོད་ཟེར་བ་མ་ཡིན་མོད། ཕྱོགས་གཅིག་ནས་གཞན་གྱི་བྲིས་པའི་གཞས་ཚིག་དག་རང་གི་དབྱངས་རྟ་དང་སྦྱར་ནས་ཅུང་མཐུན་དཀའ་བ་དང་ཀློག་མི་བདེ་བ། མི་སྙན་པ་སོགས་ཀྱི་དཀའ་ངལ་མང་བོ་འཕྲད་པས་ངས་རང་ཉིད་ཀྱི་དབྱངས་རྟ་དང་གཞས་ཚིག་མཐུན་ཐབས་ལ་འབད་པའི་ཁུལ་དང་བོད་རང་གི་དམའ་རིམ་སྤྱི་ཚོགས་ལ་བསམ་བློ་བཏང་ནས་བྲིས་པ་ཡིན། སྤྱིར་ན་བོད་ནང་གི་གཞས་ཚིག་མང་བོ་ཞིག་གོ་དང་མི་གོའི་ཚད་དུ་ཡོད་པ་མང་ནའང་། དེ་ནི་ཚིག་གི་སྐྱོན་མ་ཡིན་པར་བོད་མི་རང་གི་མ་གོ་བའི་སྐྱོན་ཡིན་ནའང་། འཁོར་ཡུག་གི་དབང་གིས་གསར་སྐྱེས་བོད་མི་མང་པོ་ཞིག་ཕ་ཡུལ་དང་ཁ་ཐག་རིང་ས་ནས་མཚར་ལོངས་བྱུང་ཙང་། གཞས་ཚིག་དེ་ཚོ་ཡང་གཏིང་ཅུང་ཙམ་ཟབ་མོ་བྲིས་ན་གོ་དཀའ། མ་གོ་ན་གཞས་དེ་ལ་ཡང་དགའ་མོས་བྱེད་དཀའ། ང་རང་ལ་མཚོན་ན་བོད་ནས་སྐྱེས་ཞིང་བོད་ནས་མཚར་སྟབས་དེ་འདྲའི་དཀའ་ཁག་མང་པོ་མེད་ནའང་། ངས་གོང་ཞུས་བཞིན་གཙོ་བོ་འདི་གའི་སྤྱི་ཚོགས་ལ་བསྟུན་ཐབས་ཀྱིས་གོ་སླ་བའི་གཞས་ཚིག་མང་དུ་སྤྱད་པ་ཡིན།
ངའི་ཆེད་སྒྲིག་འདིར་གཞས་ཚིག་དང་གཞས་གདངས། གཞས་གཏོང་སྟངས། མ་མཐའ་སྟོད་གོས་གྱོན་སྟངས་ཀྱི་ཆ་སོགས་གང་ནས་ཀྱང་ཅུང་ཙམ་མ་འདྲ་མ་འདྲ་བ་ལྟ་བུར་འབད་ཡོད། དེ་བྱེད་དགོས་དོན་ནི་མི་སོ་སོའི་དགའ་ཕྱོགས་ཐ་དད་ཡིན་སྟབས་གཟིགས་མོ་ལྷན་རྒྱས་དང་ཉན་མཁན་ཚང་མ་ལ་སྤྲོ་བ་ཅུང་ཙམ་ཁ་སྣོན་ཐུབ་འི་རེ་བ་བརྒྱབས་པ་ཡིན།
གསུམ། འོད་སྡེར་གསར་བཟོ་བྱས་པར་དཀའ་ལས་གང་འདྲ་བྱུང་སོང་དེའི་སྐོར་ནས་གསལ་བཤད་ཅིག་གནངས་རོགས།
ལན། སྤྱིར་བཏང་དཀའ་ལས་མང་པོ་འདུག་ལ་ལྷག་པར་སྔར་གྱི་ཚོད་དཔག་བྱས་པའི་དཀའ་ལས་དང་ད་ལྟའི་ལས་ཀ་དངོས་ལ་ཞུགས་པའི་དཀའ་ལས་གཉིས་ཀྱི་བར་ལ་ཧེ་བག་ཆེན་པོ་ཞིག་ཡོད་པས་ལས་ཀ་དངོས་སུ་འགོ་བཙུགས་པ་ནས་དཀའ་ལས་རབས་དང་རིམ་པ་མང་བོ་ཞིག་འཕྲད་མྱོང་། ཉམས་མྱོང་མེད་པའི་དཀའ་ངལ། དུས་ཚོད་ལྟར་ལས་ཀ་མ་འགྲུབ་བའི་དཀའ་ངལ། ངལ་གསོ་དུས་ལྟར་བྱེད་མ་ཐུབ་པའི་དཀའ་ངལ་སོགས་བསྡོངས་ཡོང་དུས་སེམས་ནང་ལ་རང་ཤུགས་ཀྱིས་དཀའ་ངལ་ཅིག་འཕྲད་ཡོང་བ་ལྟ་བུ། ས་མཐའ་འདི་ཕ་ཡུལ་དང་བསྡུར་ན་འོད་སྡེར་སྤས་དག་ཞིག་ཕུད་དགོས་པར་མཐུན་རྐྱེན་ལེགས་པོ་སོགས་མ་འཛོམས་པའི་དཀའ་ངལ་མང་པོ་ཞིག་འདུག ཐེངས་འདིར་དམིགས་བསལ་གྱིས་བོད་ཀྱི་གཞས་པ་ང་རང་གི་གྲོགས་པོ་གདུགས་བྷེ་ལགས་ཀྱིས་གཙོ་བྱས་པའི་གྲོགས་པོ་མང་བོ་ཞིག་གིས་མགོ་མཇུག་བར་གསུམ་དུ་རོགས་རམ་དང་རྒྱབ་སྐྱོར་བྱས་ཡོད་པས་ཁོང་ཚོའི་རོགས་རམ་དང་རྒྱབ་སྐྱོར་འོག་ནས་ཆེད་སྒྲིག་འདི་ལེགས་གྲུབ་ཡག་པོ་བྱུང་བ་ཡིན།
བཞི། ཁྱོད་ཀྱི་བསམ་ཚུལ་ལ་གཞས་པ་ཞིག་ལ་མཚོན་ན་ཆ་རྐྱེན་གང་དག་འཛོམས་དགོས་ཀྱི་འདུག
ལན། སྤྱིར་བཏང་གཞས་པ་ཞིག་ཡིན་ན་སྐད་ངག་སྙན་མོ་ཙམ་ཁོ་ནས་མི་ཆོག་པར་གཞས་ཚིག་བརྩམས་ཐུབ་པ། གཞས་གདངས་བཟོ་ཐུབ་པ། ཐ་ན་རོལ་མོ་སོགས་ཕྱོགས་མང་བོ་ཞིག་ལ་སློབ་སྤྱོང་ཡོད་དགོས་སྟབས། ང་རང་ལའང་མི་འདང་སའི་ཆ་མང་བོ་མང་བོ་ཞིག་ཡོད་པ་ད་ཐེངས་ཀྱི་ཆེད་སྒྲིག་འདི་བརྒྱུད་ནས་ངོས་ཟིན་ཟབ་མོ་ཐོབ་སོང་ལ། རྗེས་ཕྱོགས་ག་ལེར་རང་ཉིད་ཁ་གསབ་དང་ཡང་རྒྱས་གཏང་བའི་འདུན་པ་ཡོད།
ལྔ། དེ་ནས་ད་ལྟའི་བོད་ཀྱི་གླུ་གཞས་སྒྱུ་རྩལ་འདི་ཚད་གང་འདྲ་ཞིག་ལ་སླེབས་འདུག་བསམ་གྱིན་ཡོད། ཁྱོད་རང་ལ་རང་གི་མི་དཔེར་འཛིན་སའི་བོད་ཀྱི་གཞས་པ་སུ་ཡོད་དམ། ཡོད་ན་འདིར་བཤད་ཆོག་གམ།
ལན། དྲི་བ་འདི་ང་ལ་མཚོན་ན་ཅུང་དཀའ་ལས་ཁག་པོ་ཞིག་འདུག ང་རང་བོད་ཀྱི་གླུ་གཞས་སྒྱུ་རྩལ་ལ་དགའ་མཁན་ཞིག་ཡིན་པས་ཐད་ཀར་གཞས་རེ་བཏང་བཞག་པ་མ་གཏོགས་གླུ་གཞས་སྒྱུ་རྩལ་ཀྱི་ཕྱོགས་ལ་ཆེད་སྦྱོང་མ་ཡིན་པས་དེའི་ཕྱོགས་ཀྱི་གོ་རྟོགས་ཀྱང་དམའ་མོ་ཡིན་ལ་ང་རང་ད་ལྟའི་བར་སློབ་གྲྭར་སོང་བསྡད་ཙང་དེའི་ཕྱོགས་ཀྱི་ཉམས་མྱོང་མང་བོ་མེད། ཡིན་ཡང་། བསམ་ཚུལ་ཉུང་ངུ་ཞིག་བཤད་ན། བོད་ཀྱི་གླུ་གཞས་སྒྱུ་རྩལ་འདི་གནའ་དེང་གཉིས་ལྡན་གྱི་ཚད་ཅིག་ལ་སླེབས་འདུག་བསམ་གྱིན་ཡོད་ལ། ང་རང་ཡང་དེར་དགའ་བོ་ཡོད་པས་ངའི་ཐེངས་འདིའི་ཆེད་སྒྲིག་ཀྱང་གནའ་དེང་གཉིས་ཆའི་ཕྱོགས་ལ་འབད་པ་བྱས་ཡོད། སྤྱིར་གཞོན་སྐྱེས་ཚོ་དབྱིན་གཞས་སོགས་དེང་རབས་ཀྱི་གླུ་གཞས་ལ་དགའ་ཐལ་ཆེ་བ་དང་ཡང་རིགས་ཤིག་གནའ་བོའི་གླུ་གཞས་ལ་དགའ་དད་ཆེ་བ་སོགས་ཡོད་མོད། ང་རང་ལ་མཚོན་ན་གནའ་དེང་གཉིས་ཀྱི་མཚམས་ན་ཡོད་པའི་གླུ་གཞས་དག་ལ་དགའ། མདོར་ན་ངས་བསམ་པར་དེང་གི་བོད་ཀྱི་གླུ་གཞས་སྒྱུ་རྩལ་འདི་ལ་གནའ་དེང་གཉིས་ཀྱི་ཆ་ལྡན་པས་ང་རང་གི་དགའ་ཕྱོགས་དང་ཧ་ཅང་མཐུན་པར་འདོད།
དྲུག མཇུག་མཐར་ཁྱོད་ཀྱི་ཆེད་སྒྲིག་འོད་སྡེར་གྱི་འགྲོ་སོང་ལ་མཐུན་རྐྱེན་སྦྱོར་མཁན་དང་དེའི་སྐོར་ནས་ཅང་བཤད་རྒྱུ་ཡོད་དམ།
ལན། སྤྱིར་བཏང་དྲིན་ཆེན་ཕ་མ་སྤུན་མཆེད་དང་གྲོགས་ཕོ་མོ་མང་དག་ཅིག་གིས་ཐུགས་ཁུར་གྱིས་ཞལ་འདེབས་འདི་དང་འདི་འདྲ་བ་ཡོད་གསུངས་ནའང་། དེ་དག་གཅིག་ཀྱང་མ་བླངས་པར་ལོ་ངོ་དྲུག་བདུན་གྱི་ཡར་སྔོན་ནས་ངོ་ཤེས་པའི་རང་གི་དགའ་བོའམ་སྙིང་སྡུག་མ་ད་ལྟ་ཨ་རིར་ཡོད་པའི་ཚེ་རིང་སྒྲོལ་མས་འགྲོ་སོང་ཆ་ཚང་བཏང་བ་རེད། མཐར་མོ་དང་གྲོགས་གདུགས་བྷེ་སོགས་ང་ལ་རྒྱབ་སྐྱོར་དང་རོགས་རམ་བྱེད་མཁན་ཚང་མ་ལ་གོ་སྐབས་འདི་བརྒྱུད་ནས་ཐུག་རྗེ་ཆེ་ཞུ་རྒྱུ་དང་བཅས་ཚང་མ་ལ་ང་ཡི་གླུ་གཞས་ཆེད་སྒྲིག་སྙན་མོ་ཡོང་བའི་རེ་བ་དང་བཀྲ་ཤེས་བདེ་ལེགས་ཞུ།།

No comments:

Post a Comment