Sunday 9 February 2014

མི་ཐེགས་པའི་ལེའུ། ༼ གཅིག ༽


མི་ཐེགས་པའི་ལེའུ། ༼ གཅིག ༽

--- ཤ་ཁྲག་ཉེ་འབྲེལ་གྱི་མི་བུ་མང་དག་ཅིག་དང་ཁ་བརྡ་གློད་རྗེས།



སེམས་ཀྱི་སྐད་ཆ་དག་སྙིང་ལ་སིམ་ནའང་།
ལག་པའི་རེག་བྱ་མི་རྙེད་པའི་ས་མཐའ་ནས།
ཚོད་ཚོད་དུ་རང་ལ་ལེ་འདེད་བྱ་དོན་ནི།
མི་ཚོའི་སྙིང་ཆུང་དེ་གོར་མོ་རྡོ་བ་མིན་པས་ཨེ་ཡིན།


སྙིང་ལ་བུ་ག་མང་དུ་བརྟོལ་ནའང་།
སེམས་སུ་མཆི་མ་ཡང་ཡང་བསྐྱིལ་ནའང་།
ལྕགས་ཀྱི་སྒོ་ཆེན་དེ་དམ་དྲགས་པས་མིན་ན།
ཕུགས་ཀྱི་འདུན་མ་དེའང་བརྟན་ཆེ་བས་མིན་ན།
ང་ཡང་ཁྱོད་ཚོའི་སྤྱན་སྔ་རུ་ཡོད་ཆོག་པས།
ངོ་གདོང་དང་ངོ་གདོང་གི་ཐད་དུ་ཁ་རླངས་དྲོན་མོ་བཏང་ཆོག་ཨང་།

སྤར་ཁ་ཨམ་ཚུགས་ཀྱིས་བསྡམས་དོན་དང་།
རང་ཉིད་ལག་མཐིལ་དུ་བཙུར་དོན་ངོ་མ་དེ།
སྙིང་ལ་རུས་པ་སྐྱེ་བའི་འབོད་སྐུལ་ཙམ་དུ་དང་།
དཔའ་ལ་དྲང་བདེན་གཙོ་བའི་བསམ་གཞིག་དེ་ཡི་ཆེད་དུའོ།།

འཇིག་རྟེན་སྨིན་མཚམས་སུ་བསྡུས་ན།
དེ་ནི། ཐག་རིང་ཐག་རིང་གི་རི་མོ་དེ་མ་ཡིན་པས།
བདེན་པ་རང་སྟེང་ལ་བབ་ནའང་།
དེ་ཡང་། ཕྲག་སྟེང་གི་ན་ཟུག་དེ་ཡིན་དོན་མི་འདུག་ཨང་།
 09/02/2014

No comments:

Post a Comment