Wednesday 2 November 2016

དཔེ་ཀློག་གི་སྐོར་གླེང་བ།




པ་ཁོན་གྱིས་བརྩམས། 
བདུད་ལྷ་རྒྱལ་གྱིས་བསྒྱུར། 



འདྲེན་ཚིགདབྱིན་ཇིའི་བསམ་བློ་མཁན་པ་ཁོན་ལགས་ཀྱི་ཐོལ་རྩོམ་ནི་ཉེ་རབས་མཚན་ཉིད་སྨྲ་བའི་ལྷུག་རྩོམ་གྱི་འཐུས་ཚབ་ཏུ་བགྲངས་པ་དང་། ཁོང་གི་སྨྱུག་རྩེ་ལས་འཕྱུར་པའི་ལེགས་བཤད་དག་ནི་ཚིག་སྦྱོར་སྙན་ཞིང་འཇེབས་ལ་བརྗོད་བྱ་དོན་གྱིས་ཕྱུག་པས་ན་ཀློག་པ་པོའི་ཡིད་ཀྱི་དང་པ་ཅིག་ཅར་དུ་འདྲེན་པར་བྱེད་པ་ཡིན། ཁོང་གི་དཔེ་ཀློག་སྐོར་གྱི་རྩོམ་ཐུང་འདི་ལས་ང་ཚོས་ཤེས་དགོས་པ་ནི། དཔེ་ཆ་ཀློག་དགོས་ཤིང་བཀླགས་པས་རྒྱུད་ལ་འབྱོར་རྒྱུ་ནི་གནད་ཀྱི་དམ་པའོ། །  
སྒྲིག་པ་པོས།


    ཤེས་འདོད་ནི་ཉི་མ་འཁྱོལ་བའི་ཐབས་སུ་བྱེད་ཆོག་ལ། རྒྱན་འཆོར་དུའང་བྱས་ཆོག ད་དུང་ནུས་པ་འཐོར་འདེགས་ཀྱི་ཐབས་སུའང་བྱས་ཆོག  ཁྱོད་རང་གྲོགས་མེད་ཁེར་རྐྱང་གི་དུས་སུ། ལྟ་ཀློག་གིས་ཉི་མ་ཕུད་ཐུབ། ཁྱོད་ཀྱིས་ལོང་བཤད་རྒྱས་བཤད་བྱེད་དུས། ཤེས་བྱ་ཁྱོད་ཀྱིས་རྒྱན་འཆོར་དུ་བྱས་ཆོག ཁྱོད་ཀྱིས་བྱ་བ་ཐག་གིས་གཅོད་ཅིང་སྒྲུབ་པའི་དུས་སུ། ཤེས་འདོད་ཀྱིས་ཁྱོད་ཀྱི་ནུས་པ་མཐོར་འདེགས་བཟོ་ཐུབ། དངོས་དོན་གྱི་ཉམས་མྱོང་ཡོད་པའི་མི་ཡིས་བྱ་བ་བྱེ་བྲག་པ་རེ་འགའ་སྒྲུབ་ཐུབ་ཀྱང་། ཡོངས་ཁྱབ་པ་ལ་བསམ་ནས་སྤྱི་ཁྱབ་ལ་ཐབས་བཀོད་འདོན་དུས་ཤེས་བྱ་ཁོང་དུ་ཆུད་པ་ཁོ་ནས་ལས་དེ་སྒྲུབ་ཐུབ།

    ཤེས་བྱ་འདོད་པ་ཆེས་བུལ་ན་ངང་རིང་དུ་འགྱུར་ལ། རྒྱན་འཆོར་གྱི་ཆེད་དུ་ཤེས་བྱ་འདོད་པའང་རང་མགོ་རང་གིས་གཡོག་པ་ཡིན། ཁྱོན་ཡོངས་ནས་དཔེ་ཆ་ཇི་བཞིན་དུ་ལས་སྒྲུབ་པས་ཨུ་ཚུགས་གཉའ་རེངས་ཀྱི་དཔེ་ཆ་པ་རུ་འགྱུར་བ་ཡིན། 

    ཤེས་འདོད་ཀྱི་མིའི་ལྷན་གཤིས་བསྒྱུར་ཐུབ་པ་ཡིན་ལ། ཉམས་མྱོང་གིས་ཤེས་བྱ་རང་ཉིད་བསྒྱུར་བཅོས་བྱ་ཐུབ། མིའི་ལྷན་གཤིས་ནི་རི་སྐྱེས་ཀྱི་རྩི་ཤིང་མེ་ཏོག་དང་འདྲ་བ་ལ། ཤེས་འདོད་ཀྱི་སྦྱང་བ་ནི་ལེགས་བཅོས་བསྒྱུར་བཟོ་དང་འདྲ། དངོས་སྦྱོང་དང་ཚོད་བལྟས་ཤེས་བྱ་རང་ཉིད་ཀྱི་བདེན་རྫུན་ལ་ཞིབ་བཤེར་དང་ཡོ་བསྲང་བྱེད་ཐུབ། 

    གཡོ་སྒྱུ་ཅན་གྱིས་ཤེས་བྱ་ལ་མཐོང་ཆུང་བྱེད་ལ། བླུན་རྨོངས་པས་ཤེས་བྱ་ལ་ཡིད་སྨོན་བྱེད། སྤྱངས་གྲུང་ཅན་ཁོ་ནས་ཤེས་བྱ་ལ་བཀོལ་སྤྱོད་བྱེད། ཤེས་བྱ་རང་ཉིད་ཀྱིས་མི་རྣམས་ལ་ཤེས་བྱ་ཇི་ལྟར་བཀོལ་དགོས་པ་བསྟན་མེད། བཀོལ་སྤྱོད་ཀྱི་ཐབས་ཤེས་ནི་དཔེ་ཆའི་ཕྱི་རོལ་ན་ཡོད། འདི་ནི་ལག་རྩལ་ཞིག་ཡིན་ཏེ་ཚོད་བལྟ་མ་བརྒྱུད་པར་ཤེས་མི་ཐུབ། སྐྱོན་འབྱིན་རྩོད་ཟློག་ཁོ་ནའི་ཆེད་དུ་དཔེ་ཀློག་བྱ་བ་ནི་གཞན་ལ་ངོམ་པའམ་བདག་ཉིད་སྒྲོག་པའི་ཆེད་དུ་མ་ཡིན་པར། བདེན་ལུགས་འཚོལ་བ་དང་བློ་སྒོ་འབྱེད་པའི་ཆེད་དུ་ཡིན་དགོས། 

    དཔེ་ཆ་ལ་ལ་ཞིག་བམ་ཀློག་བྱས་པས་ཆོག་ལ། ཤེས་བྱ་ལ་ལ་ཞིག་ནི་རགས་ཙམ་ཤེས་པས་ཆོག ཆེད་གཉེར་གྱི་ཤེས་བྱ་ཉུང་ཉུང་ཞིག་ལ་གཏིང་ཟབ་མོའི་ཞིབ་འཇུག་དགོས་ཤིང་། ཞིབ་ཚགས་ཀྱི་རྟོག་དཔྱོད་དགོས། དེའི་ཕྱིར། དཔེ་ཆ་ལ་ལ་ཞིག་གི་ནང་གི་ཚན་པ་ཅུང་ཟད་ཀློག་པས་ཆོག་ལ། དཔེ་ཆ་ལ་ལ་ཞིག་གི་སྤྱི་ཁོག་ཙམ་ཤེས་པས་ཆོག འོན་ཀྱང་གྲངས་ཚད་ཉུང་བའི་དཔེ་ཆ་ལེགས་པོ་དག་ལ་ཟབ་ཀློག་དང་། ཞིབ་ཀློག ཡང་ཡང་ཀློག་པ་དགོས། 

    དཔེ་ཆ་ལ་ལ་ཞིག་གཞན་གྱིས་རང་གི་ཚབ་བྱས་ནས་ཀློག་ཆོག་ཏེ། དེའི་འཕྲོར་ཁོའི་ཟིན་བྲིས་དང་གནད་བསྡུས་ལ་བལྟས་པས་ཆོག འོན་ཀྱང་འདི་ནི་སྤུས་ཀ་ཞན་པའི་དཔེ་ཆ་ཁོ་ན་ལ་བཤད་པ་ཡིན། དེ་མིན་ན་དཔེ་ཆ་ལེགས་པོ་དེ་ཉིད་རླངས་བཙགས་བྱས་པའི་ཆུ་བཞིན་དུ་བྲོ་བ་ཅི་ཡང་མེད་པར་འགྱུར་བ་ཡིན། དཔེ་ཆ་བཀླགས་པས་མིའི་ཀླད་པ་འཛོམས་པོར་བྱེད་ལ། བགྲོ་གླེང་བྱས་པས་ཡིན་མིན་རྟོགས་པར་འགྱུར། ཟིན་བྲིས་བཏབ་པས་ཤེས་བྱ་ཡང་དག་པ་ཅན་དུ་བྱེད། 

    དེའི་ཕྱིར། གལ་ཏེ་ཟིན་བྲིས་འདེབས་མི་འདོད་ན་ནི། ཁོའི་ཡིད་འཛིན་གྱི་ནུས་པ་ངེས་པར་དུ་བཙན་ལ་ཡིད་རྟོན་འཕེར་བ་ཞིག་ཡིན་དགོས། གལ་ཏེ་རང་ཁེར་རྐྱང་གིས་འཚོལ་དཔྱོད་བྱ་འདོད་ན་ནི། ཁོའི་ཀླས་པ་ངེས་པར་དུ་ལྷག་ཏུ་རྣོ་མོ་ཞིག་ཡིན་དགོས། གལ་ཏེ་མི་ཞིག་གིས་དཔེ་ཆ་ཀློག་མི་འདོད་ལ་ཡང་ཤེས་རྒྱ་ཡངས་བ་ཅན་དུ་རྫུ་འདོད་ན། ཁོ་ངེས་པར་དུ་གཡོ་ཅན་དཔེ་མེད་ཅིག་ཡིན་དགོས། དེ་ཡིན་ན་ད་གཟོད་ཁོའི་མི་ཤེས་པ་དེ་སྒྲིབ་ཐུབ།

    ལོ་རྒྱུས་བཀླགས་པས་མི་མཁས་པར་འགྱུར་ལ། སྙན་ངག་བཀླགས་པས་ཤེས་རབ་ཅན་དུ་འགྱུར། རྩིས་ཀྱིས་མི་ནི་ཞིབ་ཚགས་ཅན་དུ་དང་། མཚན་ཉིད་རིག་པས་ཟབ་མོ་ཅན་དུ་བྱེད། སྤྱོད་ལམ་རིག་པས་མི་ཡ་རབས་བློ་སྦྱོང་ཅན་དང་། གཏན་ཚིགས་ཚིག་རྒྱན་གྱིས་ནི་མི་རྟོག་གེ་ལ་མཁས་པ་ཅན་དུ་བྱེད། མདོར་ན། ཤེས་བྱས་མིའི་གཤིས་ཀ་བཟོ་སྐྲུན་བྱ་ཐུབ།

    དེར་མ་ཟད། བསམ་པའི་སྟེང་གི་ཞན་ཆ་སྣ་ཚོགས་པའང་། ཤེས་འདོད་ཀྱི་སྒོ་ནས་བསྒྱུར་བཀོད་བྱ་ཐུབ། ཇི་ལྟར་ན་ལུས་སྟེང་གི་ཞན་ཆ་རྩལ་སྦྱོང་བརྒྱུད་ནས་སྒྱུར་བཀོད་བྱ་ཐུབ་པ་ཡིན། དཔེར་ན་ལྒང་ལི་མཁལ་སྐེད་ལ་ཕན་པ་དང་། མདའ་རྩེད་ཀྱིས་བྲང་ཁོག་བསྐྱེད་ཅིང་བློ་ལ་ཕན་པ་དང་། འཆམ་འཆམ་བྱེད་པས་འཇུ་སྟོབས་ལ་ཕན་པ་དང་། རྟ་རྩལ་གྱིས་ཚོར་བ་སྐྱེན་པར་བྱེད་པ་ལ་སོགས་པ་ལྟ་བུའོ།། དེ་བཞིན་དུ། རྣམ་ཤེས་གཅིག་དུ་གཏོད་མི་ཐུབ་པི་མིས་རྩིས་རིག་ལ་སྦྱོང་བ་མཛད་ཆོག རྒྱུ་མཚན་ནི་རྩིས་རིག་ལ་ཞིབ་ཚགས་ཅུང་མ་བྱས་ཀྱང་ནོར་འཆུག་འབྱུང་བས་སོ།། དབྱེ་ཞིབ་བརྡར་ཤ་གཅོད་མི་ཐུབ་པའི་མིས་དགོན་གླིང་གི་མཚན་ཉིད་རིག་པར་སྦྱངས་ཆོག རྒྱུ་མཚན་ནི་རིག་གནས་འདིས་སྒྲུབ་ངག་མང་ཞིང་ཉོག་པ་ལ་དང་དོད་མཛད་པས་སོ། རྗེས་དཔག་ལ་མི་མཁས་པའི་མིས་ཁྲིམས་ལུགས་ལ་རྟོག་འཇུག་བྱས་ཆོག དེ་དང་དེ་ལྟ་བུའོ།། ཀླད་པའི་ནང་གི་ཞན་ཆ་སྣ་ཚོགས་པ་ཤེས་འདོད་ཀྱི་སྒོ་ནས་སྨན་བཅོས་བྱས་ཆོག


*པ་ཁོན(培根,1561―1626)དབྱིན་ཇིའི་མཚན་ཉིད་རིག་པ་མཁན་དང་བསམ་བློ་མཁན།
རྩོམ་འདི་ཚོང་དོན་དཔེ་སྐྲུན་ཁང་གིས་ ༢༠༠༣ ལོའི་ཟླ་ ༡༢ པར་པར་དུ་བསྐྲུན་པའི་གཞོན་ནུའི་དཔེ་ཀློག་ལེ་ཚནལས་བདམས་ཏེ་བསྒྱུར།》)

No comments:

Post a Comment