Monday 11 April 2016

བོད་ནང་ལོག་ཐུབ་རྒྱུའི་རེ་བ་ཡོད།

ང་ལོ་བརྒྱད་ཅུ་ཟིན་པའི་རྒན་པོ་ཞིག་ཡིན་ཡང་ད་དུང་བོད་ནང་ལོག་ཐུབ་རྒྱུའི་རེ་བ་ཡོད།

ཕྱི་ཟླ་ ༤ ཚེས་ ༧ ཉིནརྒྱ་གར་བརྙན་འཕྲིན་(NDTV)ཁང་གིས་སློབ་མ་སྐོར་ཞིག་ཟུར་ཉན་དུ་ཆེད་འགུག་བྱས་ ཏེ། བོད་མི་ཡོངས་ཀྱི་སྐྱབས་མགོན་གོང་ས་མཆོག་ལ་ཆེད་འདོན་བཅར་འདྲི་ཞུས་པ་ཧྲིལ་བོ་འདིར་བོད་བསྒྱུར་ཞུས་ཡོད།

རྒྱ་གར་བརྙན་འཕྲིན་ཁང་གིས། དེ་རིང་གོང་ས་ཏྭ་ལའི་བླ་མ་མཆོག་ལ་བཅར་འདྲི་བྱ་རྒྱུའི་གོ་སྐབས་དམིགས་བསལ་འདིའི་ཐོག་ཕེབས་མཁན་ཚང་མར་མཚམས་འདྲི་ཞུ་བཞིན་ཡོད། ཏྭ་ལའི་བླ་མ་མཆོག་ནི་འཛམ་གླིང་གིས་གུས་བཀུར་ཚད་མཐོ་ཤོས་ཞུ་སའི་ཆོས་ལུགས་མི་ སྣ་ཞིག་ཡིན་པ་མ་ཟད། ནོ་བྷེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་གྱི་རླབས་ཆེན་གྱི་སྐྱེ་བུ་དམ་པ་ ཞིག་ཀྱང་ཆགས་ཡོད། དེ་ལྟ་བུའི་མི་སྣ་ཞིག་གིས་ང་ཚོ་དང་ལྷན་དུ་བགྲོ་གླེང་གི་གོ་སྐབས་གནང་བར་སེམས་གཏིང་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

གསར་འགོད་པ། ཁྱེད་རང་གུང་ལོ་བརྒྱ་བཅུར་སླེབ་བཞིན་ཡོད་པ་རེད། ད་ལྟའི་འཛམ་བུ་གླིང་གི་གནས་སྟངས་ནི་ཇེ་སྡུག་ནས་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པ་ མ་ཟད། འཇིགས་སྐུལ་རིང་ལུགས་བའི་གནོད་འཚེ་ཕོག་ཡུལ་ཡང་གང་སར་མཐོང་རྒྱུ་ཡོད་པ་རེད། ད་དུང་ཁྱེད་ཀྱིས་འཛམ་གླིང་ནང་ཞི་བདེ་བསྐྲུན་རྒྱུའི་བསམ་བློ་ཡོད་དམ། དུས་ཚོད་འདི་འདྲ་ཞིག་གི་སྐབས་སུ་ཁྱེད་ཀྱིས་ནང་ཆོས་ཀྱི་ཐོག་ནས་འཛམ་གླིང་ཞི་ བདེ་ཇི་ལྟར་བསྐྲུན་རྒྱུ་ཡིན་ནམ།
གོང་ས་མཆོག གནད་དོན་དེའི་ཐོག་ངས་མི་ལོ་སུམ་ཅུའི་ཡར་ སྔོན་ནས་ཚན་རིག་པ་མཁས་པ་དང་ཤེས་ཡོན་ཅན་གྱི་མི་སྣ་མང་པོ་དང་ལྷན་དུ་གོ་སྡུར་ བྱ་རྒྱུ་བྱུང་། མཚམས་རེར་ཚན་རིག་པས་འགྲོ་བ་མིའི་གཤིས་རྒྱུད་ལ་སྙིང་རྗེའི་རང་བཞིན་ཞིག་ལྡན་ ཡོད་པ་ཤོད་ཀྱིན་འདུག དེ་བཤད་དགོས་པའི་རྒྱུ་མཚན་ཡང་ཡོད་མོད་ངས་འདིར་བསྐྱར་བཤད་བྱེད་འདོད་མེད། དེ་ནས་རིམ་བཞིན་འགྲོ་བ་མིའི་རང་གཤིས་ངོ་མ་དེ་སྙིང་རྗེའི་བསམ་བློ་ཤུགས་ཆེ་བ་ ཡིན་པ་ར་འཕྲོད་ཡོང་དུས་ང་ཚོར་རེ་བ་ཞིག་ཡོད་པ་རེད། མིའི་རང་གཤིས་ངོ་མ་དེ་ཁོང་ཁྲོ་དང་ལྡོག་ཕྱོགས་ཀྱི་བསམ་བློ་མ་གཏོགས་མེད་ཚེ་ང་ ཚོར་རེ་བ་ཡོད་པ་མ་རེད།
ང་རང་ནང་པ་ཞིག་ཡིན་པས་དཔལ་ན་ལེན་ཊ་ནས་དར་བའི་ནང་ཆོས་གཞུང་ལུགས་ནང་། སེམས་ཅན་ཀུན་གྱི་བརྒྱུད་ལ་སངས་རྒྱས་པའི་ནུས་པ་ལྡན་པ་གསུངས་ཡོད། ང་ཚོའི་སེམས་རྒྱུད་ལ་ལྡོག་ཕྱོགས་ཀྱི་བསམ་བློ་ཁོ་ན་མ་ཡིན་པར་བཟང་ཕྱོགས་ཀྱི་ བསམ་བློའི་ནུས་པ་ཡང་ལྡན་ཡོད་སྟབས། གལ་ཏེ་ང་ཚོས་སྨོན་ལམ་རྒྱག་རྒྱུ་ཙམ་མ་ཡིན་པར་དོན་དངོས་སུ་སློབ་སྦྱོང་བྱས་ཏེ་ བརྡར་ཤ་བཅད་ཚེ། ཤེས་ཡོན་གྱིས་འཛམ་གླིང་ལ་འགྱུར་བ་གཏོང་ཐུབ་རྒྱུ་རེད། འོན་ཀྱང་ད་ཡོད་ཤེས་ཡོན་ལམ་ལུགས་ནི་ཕྱི་དངོས་པོའི་ཤེས་བྱ་གཙོར་འཛིན་པ་ལས་ནང་ བསམ་བློའི་ཤེས་བྱ་གཙོ་བོ་མ་ཡིན་པས་དེས་འདང་གི་ཡོད་པ་མ་རེད།
གསར་འགོད་པ། འཛམ་གླིང་གང་སར་ཆོས་ལུགས་ཀྱི་མིང་ཐོག་ནས་ཁྲག་དྲི་བྲོ་བའི་གསོད་རེས་ཀྱི་བྱ་ སྤྱོད་ཇེ་མང་རེད། ཁྱེད་རང་ཆོས་ལུགས་དབུ་ཁྲིད་ཅིག་ཡིན་སྟབས། ཅི་ཕྱིར་འཚེ་བ་ཡང་དག་ཏུ་བགྲང་ནས་ཆོས་ལུགས་ཕན་ཚུན་ལོག་འགྲེལ་བྱེད་པ་དང་། རྩ་ཆེ་བའི་དམག་དོན་ཇི་འདྲ་ཞིག་གི་ནང་དུའང་འཚེ་བ་ཞེས་པ་དེ་དྲང་བདེན་ཞིག་ཆགས་ སྲིད་དམ།
གོང་ས་མཆོག  ངས་དེ་ཆགས་ཀྱི་མ་རེད་བསམ་གྱི་ཡོད། གདོད་མའི་དུས་སུ་ཆ་བཞག་ན། ཆོས་ལུགས་ཕན་ཚུན་བར་གྱི་དམག་འཁྲུག་གཙོ་བོ་བྱེད་པའི་འགྲོ་བ་མིའི་དམག་འཁྲུག་ བྱུང་བའི་ལོ་རྒྱུས་ནི་འགྲོ་བ་མིའི་ལོ་རྒྱུས་ཤིག་ཆགས་ཡོད། སྐབས་དེ་དུས་ཀྱི་མི་རྣམས་ཕན་ཚུན་འཐབ་འཛིང་བྱས་ཏེ་འཚོ་སྡོད་བྱེད་དགོས་པ་རེད། ཁྱིམ་མཚེས་དང་འཛིང་ནས་རྒྱལ་ཁ་ཐོབ་པ་ཡིན་ནའང་དེ་ནི་རྒྱལ་ཁ་ཆགས་ཡོད་མོད། འོན་ཀྱང་། དུས་དེ་ནི་འདས་ཚར་བ་རེད། ད་ཆ་ཡོད་ཚད་འགྱུར་ཟིན་པ་ཡིན། དེང་གི་དུས་སུ་ཁྱེད་ཀྱི་ཕུགས་འདུན་ནི་གཡས་གཡོན་དུ་འཚོ་བའི་རང་ཉིད་ཀྱི་ཁྱིམ་ མཚེས་ལ་བརྟེན་ཡོད་སྟབས། ཁྱིམ་མཚེས་ལ་དོ་ཕོག་བཏང་བ་ནི་རང་ཉིད་མེད་པ་བཟོས་པ་དང་མཚུངས། རྒྱ་ཆེ་ས་ནས་ལྟས་ན། རྒྱལ་ཁབ་ཙམ་མ་ཟད་གླིང་ཆེན་རྣམས་ཀྱང་གཅིག་ལ་གཅིག་བརྟེན་གྱིས་འཚོ་དགོས་པ་རེད། འཛམ་གླིང་ཤར་ཕྱོགས་དེ་འཛམ་གླིང་ནུབ་ཕྱོགས་པར་དགོས་མཁོ་ཡོད་ལ། འཛམ་གླིང་ནུབ་ཕྱོགས་དེ་འཛམ་གླིང་བྱང་ཕྱོགས་པར་དགོས་མཁོ་ཡོད་པ་རེད། འཛམ་གླིང་གི་མི་འབོར་ཉིན་རེ་བཞིན་འཕེལ་གྱིན་ཡོད་སྟབས། ང་ཚོས་ངེས་པར་དུ་ངའི་རྒྱལ་ཁབ་དང་ངའི་སྤྱི་ཚོགས་ཅེས་བསམ་ནས་མ་བསྡད་པར་ཚང་མ་ འགྲོ་བ་མིའི་རིགས་གཅིག་མཚུངས་ཡིན་པར་ལྟ་ཐུབ་དགོས་པའི་དུས་ལ་བབ་ཡོད། རྒྱུ་མཚན་ནི་ང་ཚོ་སྤྱི་ཚོགས་ཀྱི་སེམས་ཅན་ཞིག་ཆགས་ཡོད་པ་དང་། སྤྱི་ཚོགས་ནང་འཚོ་སྡོད་བྱེད་མཁན་གྱི་བློ་དམན་འབུ་སྲིན་ཚུན་ཆད་མཉམ་རུབ་ཀྱི་ སྒོ་ནས་ལས་ལ་རོལ་ཏེ་འཚོ་གནས་བྱེད་ཀྱིན་ཡོད། ང་ཚོ་ནི་ཤེས་རབ་ལྡན་པའི་འགྲོ་བ་མི་ཞིག་ཡིན་སྟབས། དེ་བས་ཀྱང་རྩ་ཆེ་བའི་རྣམ་སྤྱོད་བེད་སྤྱད་དེ། ང་ཚོའི་རྒྱུད་ཀྱི་ཁོང་ཁྲོ་དང་ཞེ་སྡང་། མ་རིག་པ་སོགས་ཀྱི་བྲན་གཡོག་ཏུ་ཚུད་མི་ཉན་པ་དེ་རྟོགས་དགོས།
དེར་བརྟེན། འགྲོ་བ་མིའི་རང་རྒྱུད་ལ་སྙིང་རྗེའི་བསམ་པ་ལྡན་ཡོད་པ་ཡིན་དུས།  ང་ཚོས་རྣམ་དཔྱོད་བེད་སྤྱད་ནས་སྙིང་རྗེའི་བློ་ཤུགས་ཆེ་རུ་གཏོང་དགོས་པ་དང་། དེ་བྱུང་བར་ཤེས་ཡོན་གྱི་ལམ་ལུགས་བཟང་པོ་ཞིག་འཛུགས་ཐུབ་རྒྱུ་གལ་ཆེ་བར་སྙམ།
གསར་འགོད་པ། ཁ་ཆེའི་ཆོས་ལུགས་ཀྱི་འཇིགས་སྐུལ་རིང་ལུགས་པ་ཟེར་བ་སོགས་ཀྱི་མིང་ངམ་ཡང་ན། མེན་མར་(myanmar)ནང་ནང་པས་ཁ་ཆེ་ཆོས་ལུགས་པ་ལ་ངོ་རྒོལ་བྱས་པ་དེ་འདྲ་གོ་ཡོང་ དུས། ཁྱེད་ཀྱིས་བལྟས་ན་ཆོས་ལུགས་ཀྱི་མིང་དེ་ངེས་པར་དྲག་སྤྱོད་པ་ལ་སྦྱར་དགོས་པ་ ལྟ་བུ་ཞིག་ལ་མཐོང་གི་ཡོད་དམ།
གོང་ས་མཆོག  ཆོས་ལུགས་ཀྱི་རྗེས་སུ་འབྲང་མཁན་དག་ཀྱང་འགྲོ་བ་མི་ཡིན་སྟབས། ཁོང་ཚོའི་བསམ་བློའི་ནང་ངན་ཕྱོགས་ཀྱི་བློ་ཡོད་པ་རེད། སངས་རྒྱས་བཅོམ་ལྡན་འདས་འཛམ་གླིང་ཞི་བདེའི་མཚོན་རྟགས་ཤིག་ཡིན་རུང་མཚམས་རེར་ ཁོང་གིས་ཀྱང་དཀའ་ངལ་བཟོ་གི་ཡོད། དེར་བརྟེན། གནས་ཚུལ་དེ་དག་ནི་ཆོས་ལུགས་པ་སོ་སོའི་ཡིད་ཆེས་དང་དད་པ་བྱེད་ཕྱོགས་ཤིག་གིས་ བསྐྲུབ་པ་རེད། མིའི་ཞན་ཆས་མཚམས་རེར་རྙོག་གྲ་ཆེན་པོ་བཟོ་བཞིན་ཡོད་པ་རེད། དེར་བརྟེན། ངས་མི་ལོ་གཉིས་སྟོང་ལྷག་སོང་བའི་རྒྱ་གར་གྱི་ཆོས་ལུགས་མཐུན་སྒྲིལ་བྱེད་པའི་ ལམ་ལུགས་དེ་བསམ་བློར་འཁོར་སོང་། རྒྱ་གར་ནང་གི་ཆོས་ལུགས་མཐུན་སྒྲིལ་བྱེད་ལུགས་ཀྱི་དགེ་མཚན་དེ་ངོས་འཛིན་ཐུབ་ པ་བྱེད་དགོས་ཀྱི་འདུག རིག་གཞུང་འདི་ཉིད་ཡག་པོ་རེད་ཟེར་བ་ཙམ་མ་ཡིན་པར་འཛམ་གླིང་གང་སར་འཁྱབ་སྤེལ་ གཏོང་དགོས་པ་རེད། དེ་བཞིན། ཆོས་ལུགས་སོ་སོའི་གྲུབ་མཐའ་མི་འདྲ་བ་དེ་དག་ལ་དོན་དངོས་ཀྱིས་སློབ་སྦྱོང་བྱས་ ཏེ་གྲུབ་མཐའ་སོ་སོའི་ཁྱད་ཆོས་མི་འདྲ་རྣམས་སྦྱང་དགོས། དེ་འདྲ་བྱས་པ་ཡིན་ན། ཆོས་ལུགས་གྲུབ་མཐའ་ཚང་མའི་མཐའ་མའི་དགོས་པ་གཅིག་ཡིན་པ་དེ་ཤེས་ཐུབ། དེ་ཡང་སྙིང་རྗེ་སྤེལ་རྒྱུ་དང་། སྡིག་པ་འཇོམ་རྒྱུ། དཀོན་མཆོག་གི་ལྟ་ཚུལ་འཛིན་སྟངས་ཐད་ལ་ཡིན་ནའང་། དཀོན་མཆོག་ནི་ཕ་ལྟ་བུ་ཞིག་ཏུ་འདོད་པ་དང་། དེས་བརྩེ་བ་དང་སྙིང་རྗེ་བསྐྲུན་པའི་འདོད་ཚུལ་གཅིག་མཚུངས་ཡིན།  དེ་ལྟ་བུའི་ལྟ་སྟངས་ནི་ཤིན་ཏུ་ནུས་པ་ཆེན་པོ་ཡིན་སྟབས། དེས་ང་ཚོར་སྙིང་སྟོབས་སྤེལ་ཞིང་བརྩེ་བའི་རིན་ཐང་ལའང་ཡིད་ཆེས་སྐྱེ་རུ་འཇུག་ ཐུབ་པ་རེད།
ཡང་རྗེན་དང་ནང་པའི་ལྟ་གྲུབ་ཀྱི་འདོད་ལུགས་ལྟར་ན། དཀོན་མཆོག་ཅེས་ཐམས་ཅད་སྐྲུན་མཁན་ཞིག་ཡོད་པ་མི་འདོད་རུང་བདག་ཉིད་བདག་གི་ མགོན་དུ་འདོད་བཞིན་ཡོད་པ་རེད། དེ་ནི་ཉེས་པ་འཇོམ་བྱེད་ཀྱི་ནུས་སྟོབས་ལྡན་པ་ཞིག་ཡིན། རྒྱུ་མཚན། རང་ཉིད་ཀྱི་མི་ཚེའི་ཕུགས་འདུན་རང་ཉིད་ལ་བརྟེན་དགོས་སྟབས། རང་ཉིད་ཚུལ་ལྡན་ཞིག་བྱ་དགོས་རྒྱུ་ནི་གལ་འགངས་ཆེ་བ་ཡིན། གལ་ཏེ་ཁྱེད་ཀྱིས་དེ་རིང་ཕུགས་རྒྱང་རིང་པོར་བསམ་བློ་འཁོར་མ་ཐུབ་པར་ལམ་ལོག་ ཏུ་ཕྱིན་ཚེ། དེའི་མཇུག་འབྲས་གང་ཞིག་བྱུང་ནའང་སོ་སོ་རང་ཉིད་ཀྱིས་གདོང་ལེན་བྱ་དགོས་པ་ཡིན།
གསར་འགོད་པ། ཁྱེད་ཀྱིས་ནམ་རྒྱུན་རྒྱ་གར་གྱི་རིག་གཞུང་ནི་འཛམ་གླིང་ནང་རླབས་ཆེན་ཞིག་ཡིན་ སྐོར་གསུང་གི་ཡོད་པ་རེད། འོན་ཀྱང་རྒྱ་གར་ནང་དུ་ཆབ་སྲིད་ཤོག་ཁག་སོགས་མང་པོའི་བར་འཐབ་འཁྲུག་དུ་མ་ཡོང་ དུས། ཁྱེད་ཀྱིས་རྒྱ་གར་གྱི་ཆབ་སྲིད་མི་སྣ་དག་ལ་ཕེབས་འདོད་པའི་བརྡ་ལན་རེ་གནང་ རྒྱུ་ཡོད་དམ། ཡང་ན། ཁྱེད་ཉིད་རྒྱ་གར་ནང་ཕེབས་ནས་མི་ལོ་ ༦༠ ལྷག་འདས་ཟིན་སྟབས། དེ་ལྟ་བུའི་ཆབ་སྲིད་དང་རྒྱ་གར་སྤྱི་ཚོགས་ཀྱི་རྙོག་དྲའི་ཐད་ཁྱེད་ལ་ཚོར་སྣང་ གང་འདྲ་ཡོད།
གོང་ས་མཆོག རེད། དངོས་ནས་བྱ་ན། ང་རྒྱ་གར་དུ་བསླེབས་ནས་མི་ལོ་ ༥༧ ཙམ་ལས་ཕྱིན་ཡོད་པ་མ་རེད།
གསར་འགོད་པ། རེད་ལགས། མི་ལོ་དྲུག་བཅུའི་ལོ་འཁོར་དུས་ཆེན་ཟིན་ལ་ཉེ་བ་རེད།
གོང་ས་མཆོག དུས་རྒྱུན་ངས་ང་རང་རྒྱ་གར་གྱི་སྔ་མོའི་རིག་གཞུང་གི་ལྟ་གྲུབ་སྤེལ་མཁན་གྱི་ འཕྲིན་སྐྱེལ་བ་ལྟ་བུ་ཞིག་ཏུ་འདོད་ཀྱི་ཡོད་ལ། ཕྱོགས་གཅིག་ནས་རང་ཉིད་རྒྱ་གར་གྱི་བུ་ཞིག་ཡིན་པའི་འདུ་ཤེས་ཀྱང་འཛིན་གྱི་ཡོད། རྒྱུ་མཚན་ནི། ངས་ཀླད་པའི་ཆ་ཤས་ཚང་མ་རྒྱ་གར་ལྟ་གྲུབ་ཀྱིས་ཁེངས་ཡོད་པ་རེད། མ་ཟད། མི་ལོ་ལྔ་བཅུ་ལྷག་རིང་ང་རྒྱ་གར་གྱི་འབྲས་དང་དྷལ་ལ་བརྟེན་ནས་འཚོ་བཞིན་ཡོད་ སྟབས། ང་ནི་ཕྱིའི་ལུས་དང་ནང་སེམས་གང་གི་ཆ་ནས་ཀྱང་རྒྱ་གར་བའི་བུ་ཞིག་ཆགས་ཡོད། དེ་བཞིན། ང་ནི་རྒྱ་གར་ནང་དུས་ཡུན་རིང་ཤོས་ཀྱི་སྐུ་མགྲོན་ཞིག་ཀྱང་ཡིན་སྟབས། ངས་རྒྱལ་ཁབ་འདི་ལ་སེམས་འཁུར་ཆེན་པོ་ཡོད།  སྤྱིར་རྒྱ་གར་ནི་མི་འབོར་བྱེ་བ་ལྷག་ཡོད་པའི་རྒྱལ་ཁབ་ཅིག་ཡིན་དུས་མཚམས་རེར་ རྙོག་གྲ་ཅུང་ཟད་ཡོད་སྲིད་པ་ཞིག་རེད། རྙོག་གྲ་རྩ་བ་ནས་མེད་པ་ཡིན་ན། དེ་ནས་རྒྱ་གར་བ་ཚོ་མི་མ་ཡིན་པར་ལྷ་ཡིན་པའི་རྟགས་རེད།.ང་ཚོ་ཚང་མ་འགྲོ་བ་མི་ ཞིག་ཡིན་དུས། མིའི་ནང་རྙོག་དྲ་སློང་མཁན་འགའ་ཤས་ག་དུས་ཡིན་རུང་ཡོད་པ་རེད། སྤྱི་ཡོངས་ཀྱི་ཆ་ནས་ཤིར་ལང་ཀ་དང་། པཱ་ཀི་སི་ཐན་ལ་སོགས་དང་སྡུར་ན་རྒྱལ་ཁབ་འདི་ནི་ཞི་བདེ་ལྡན་པའི་རྒྱལ་ཁབ་ཅིག་ ཡིན་པ་ངས་ཡིད་ཆེས་བྱེད་ཀྱི་ཡོད། མ་ཟད།  རྒྱ་གར་ནི་མི་འབོར་མང་ཤོས་ཀྱི་དམངས་གཙོའི་རྒྱལ་ཁབ་ཅིག་ཡིན་རུང་མི་ལོ་གཉིས་ སྟོང་ལྷག་རིང་འཚེ་བ་མེད་པའམ་ཨ་ཧིམ་ས(Ahimsa)ཞེས་པའི་ལྟ་གྲུབ་དེ་ད་ལྟ་ད་དུང་ ཡང་མི་རྣམས་ཀྱི་སེམས་ཁམས་སུ་གནས་ཡོད་པར་སྙམ། རྙོག་གྲ་ཅུང་ཟད་རེ་བྱུང་སྲིད་རུང་སྤྱི་ཡོངས་ཀྱི་ཆ་ནས་རྒྱལ་ཁབ་འདི་བརྟན་ བརླིང་དང་ཞི་བདེ་ལྡན་པའི་རྒྱལ་ཁབ་ཅིག་རེད། འོན་ཀྱང་། དེ་འདྲ་ཞིག་ཡོད་བསམ་ནས་ལྷོད་ཡང་ཤོར་མི་ཉན་པར་ངེས་པར་དུ། ཁྱེད་ཚོ་རྒྱ་གར་བའི་གཞོན་སྐྱེས་རྣམས་ཀྱིས་དོ་སྣང་ཆེན་པོས་འབྱུང་འགྱུར་གྱི་ དུས་རབས་ནང་འཚེ་བ་མེད་པའི་ལྟ་གྲུབ་དང་སྙིང་རྗེའི་བསམ་པ་ལ་བརྟེན་ནས་འཛམ་ གླིང་ནང་ཞི་བདེ་སྐྲུན་མཁན་གྱི་རྒྱལ་ཁབ་ཅིག་ཆགས་ཐུབ་པ་བྱ་དགོས།
གསར་འགོད་པ། ཁྱེད་ཀྱིས་རྒྱ་གར་བའི་སྲིད་བློན་ནེ་རོ་དང་ཨིན་དྷར་གྷན་དྷི། སེམས་དཔའ་ཆེན་པོ་གྷེན་དྷི། མུར་ཏི་སོགས་དང་མཇལ་འཕྲད་ཀྱི་གོ་སྐབས་ཐོབ་ཡོད་པ་རེད། ཁོང་ཚོ་ལྷན་དུ་མཇལ་འཕྲད་བྱས་པ་དེ་གང་འདྲ་ཞིག་རེད་དམ། རྒྱ་གར་གྱི་སྲིད་བློན་དེ་དག་གི་ཐོག་ལ་ཁྱེད་ཀྱིས་ཐུགས་སྣང་གང་བྱུང་ཡོད་དམ།
གོང་ས་མཆོག ནེ་རོ་ལྟ་བུ་ནི་མི་མང་གིས་འོས་འདེམས་བྱས་པ་ཞིག་ཡིན་སྟབས་ཧ་ཅང་ཡག་པོ་འདུག.ང་ ཁོང་དང་མཇལ་སྐབས་ང་རང་ལོ་ན་ཆུང་ཆུང་དང་ཉམས་མྱོང་མེད་མཁན་ཞིག་རེད། ཡིན་ནའང་ཁོང་གིས་བཀའ་སློབ་ལམ་སྟོན་དག་གིས་ང་ལ་དཔེ་མི་སྲིད་པའི་ཕན་ཐོགས་ཆེན་ པོ་བྱུང་།
གསར་འགོད་པ། བོད་མི་སྐྱབས་བཅོལ་དུ་ལེན་རྒྱུ་ནི་རྒྱ་གར་ལ་མཚོན་ན། སྐབས་དེ་དུས་གདོང་ལེན་ཆེན་པོ་ཞིག་ཆགས་ཡོད།
གོང་ས་མཆོག རེད། སྐབས་དེར་རྒྱ་གར་གཞུང་གིས་ཏྭ་ལའི་བླ་མས་ལྷ་ས་བཞག་ནས་རྒྱ་གར་ལ་ཡོང་གི་འདུག་ ཅེས་ཐོས་སྐབས། རྒྱ་གར་གྲོས་ཚོགས་ནང་བོད་མི་སྐྱབས་བཅོལ་བ་ངོས་ལེན་བྱས་ཚེ་རྒྱ་ནག་དང་འབྲེལ་ བ་ཇེ་སྡུག་ཏུ་འགྲོ་རྒྱུ་ཡིན་པའི་སྐོར་ལ་བགྲོ་གླེང་གང་འཚམ་བྱེད་དགོས་བྱུང་ ཡོད་པ་རེད། འོན་ཀྱང་། སྲིད་བློན་ནེ་རོ་མཆོག་གིས་བློ་སྤོབས་ཆེན་པོས་ང་ཚོས་ངེས་པར་ཏུ་ཏྭ་ལའི་བླ་མ་ ཕེབས་བསུ་ཞུ་དགོས་ཞེས་གསུངས་གནང་ཡོད་པ་རེད། ང་དང་ཧ་ཅང་འཆམ་པོ་ཡོད་པའི་གྲོགས་པོ་ལྦ་ཇི་པཱ་ཡེ་( Vajpayee)ལགས་དང་མཇལ་འཕྲད་ཅིག་གི་སྐབས་སུ་ངས་ཞུ་རྒྱུ་བྱུང་། ཁྱེད་རང་སྐབས་དེ་དུས་ང་རང་ངོས་ལེན་མ་བྱེད་མཁན་གྱི་ཚོགས་པ་དེའི་ནང་ཡོད་ན་ ཁྱེད་རང་གི་དགོངས་ཚུལ་དངོས་གང་ཡིན་པ་དེ་རང་དབང་གི་ཐོག་ནས་བརྗོད་ཆོག་གི་རེད་ བཱ་ཞེས་བརྗོད་སྐབས་ཁོང་གིས་འཛུམ་མདངས་རེ་སྟོན་པ་ལས་ལན་གང་ཡང་སྐྱོན་གྱི་མི་ འདུག དེ་བཞིན་མུ་ཏི(modi)མཆོག་སྲིད་བློན་དུ་བཀོ་བཞག་གནང་བའི་རྗེས་རྒྱ་གར་འདི་ རྒྱལ་སྤྱིའི་ཐོག་ཅུང་ཟད་རིན་ཐང་ཅན་ཞིག་ཏུ་གྱུར་ཐུབ་ཡོད་པར་སྙམ། དེ་དག་ནི་ཞེ་དྲགས་ཡག་པོ་རེད།
གསར་འགོད་པ། ལོ་ངོ་མང་པོའི་རིང་ཁྱེད་ནི་བོད་དོན་ཆེད་ཕྱག་ལས་གཟེངས་སུ་ཐོན་པ་གནང་མཁན་ཞིག་ རེད། འོན་ཀྱང་། དེང་གི་དུས་སུ་རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་ཇེ་ཆེར་ཕྱིན་པ་དང་བསྟུན་ཏེ། འགྲོ་བ་མིའི་རང་དབང་དང་བོད་ནང་གི་གནད་དོན་ཐོག་རྒྱལ་སྤྱིའི་དོ་སྣང་ཇེ་ཞན་དུ་ འགྲོ་བཞིན་ཡོད་པ་རེད། དེས་ན་ཁྱེད་རང་གིས་རྒྱ་གར་དང་འཛམ་གླིང་སྤྱི་ཡོངས་ནས་བོད་དོན་ཆེད་གང་ཞིག་ བསྒྲུབ་དགོས་པར་དགོངས་ཀྱི་ཡོད་དམ།
གོང་ས་མཆོག རྒྱ་ནག་ནི་མི་འབོར་ཆེ་ཤོས་ཀྱི་ལོ་རྒྱུས་ཡུན་རིང་ལྡན་པའི་རྒྱལ་ཁབ་ཅིག་རེད། རྒྱ་ནག་མི་མང་རྣམས་ལས་ལ་བརྩོན་ཞིང་རིག་གཞུང་གིས་ཕྱུག་པ་ཞིག་ཡིན། འོན་ཀྱང་། གཞུང་ནི་དུས་ནས་དུས་སུ་འགྱུར་བ་འགྲོ་བཞིན་ཡོད། འདས་པའི་མི་ལོ་དྲུག་བཅུ་ལྷག་གི་རིང་ལའང་འགྱུར་བ་ཆེན་པོ་ཕྱིན་ཡོད། དེར་བརྟེན། མི་མང་ལ་དབང་པའི་རྒྱལ་ཁབ་ཅིག་ཡིན་ན། གཞུང་ཇི་ཙམ་བརྗེ་རུང་མི་མང་ནི་ནམ་ཡང་གནས་རྒྱུ་རེད།.རྒྱ་ནག་མི་མང་ལ་ངས་རྟག་ པར་ཡིད་སྨོན་བྱེད་ཀྱིན་ཡོད། ཨ་རི་དང་ཡུ་རོབ་སོགས་རྒྱ་མི་གནས་སྡོད་བྱེད་པའི་སྤྱི་ཚོགས་གང་དུ་བལྟས་ཀྱང་། རང་ཉིད་ཀྱི་རིག་གཞུང་གི་དྲི་མ་ཤུགས་ཆེན་ལྡན་ཡོད་པ་རེད། མ་ཟད། དེ་དག་གི་ནང་དུ་ནང་པའི་རིག་གཞུང་གི་གཤིས་ཀ་ཡང་ལྡན་ཡོད། རྒྱ་ནག་ནང་དམ་དྲག་ཤུགས་ཆེན་ལྡན་པ་དང་ལྐོང་ཟ་རུལ་སུངས་ཀྱི་རྙོག་དྲ་ཡང་ཤུགས་ ཆེན་པོ་ཡོད་སྟབས། ད་ཆ་སྲིད་འཛིན་ཞེ་ཅིན་ཕིན་རང་ཉིད་ཀྱང་དཀའ་ཁག་ཆེན་པོའི་ནང་ཚུད་ཡོད་པ་རེད། ཡིན་ནའང་ངས་ཁོང་གིས་དཀའ་ཁག་ཇི་ཙམ་འཕྲད་རུང་སེམས་ཤུགས་མི་ཆག་པར་ལྐོག་ཟ་རུལ་ སུངས་ལ་ངོ་རྒོལ་ཐ་གཅིག་ཏུ་བྱས་ནས་སེམས་ཐག་ཆོད་པོས་གདོང་ལེན་གནང་ལུགས་དེར་ ཡིད་སྨོན་བྱེད་ཀྱིན་ཡོད།
གསར་འགོད་པ། ཁྱེད་ཀྱིས་ཞེ་ཅིན་ཕིན་སྲིད་འཛིན་དུ་བསླེབས་སྐབས་བོད་ཀྱི་གནད་དོན་ཐད་བཟང་ ཕྱོགས་ཀྱི་འགྱུར་བ་ཞིག་ཡོང་རེར་བཅངས་ཀྱང་མ་བྱུང་བ་རེད། དེ་བཞིན་བོད་རྒྱའི་བར་གྱི་བགྲོས་མོལ་ཡང་བྱུང་ཡོད་པ་མ་རེད།
གོང་ས་མཆོག ཉེ་བའི་ལོ་ཤས་རིང་རྒྱ་ཕྱོགས་ནས་རྟགས་མཚན་འདྲེས་མ་སྣ་ཚོགས་མངོན་གྱི་ཡོད། མཚམས་རེར་བཟང་ཕྱོགས་ཀྱི་རྟགས་རེ་སྟོན་གྱི་ཡོད་པ་དང་། ཡང་མཚམས་རེར་ངན་ཕྱོགས་ཀྱི་རྟགས་སྟོན་གྱི་ཡོད་པ་རེད། སྤྱིར་བཏང་རྒྱ་ནག་གཞུང་གི་ཆབ་སྲིད་ལམ་ལུགས་དེ་འདྲ་ཞིག་རེད་པཱ། མི་སྒེར་པ་གཅིག་གཉིས་ཀྱིས་འགྱུར་བ་གཏོང་ཐུབ་རྒྱུ་ཞིག་མ་རེད། དམར་ཤོག་ཚོགས་པའི་ནང་མཁྲེགས་འཛིན་ཅན་གྱི་མི་སྣ་མང་པོ་ཡོད་སྟབས། མཚམས་རེར་ཞི་ཅིན་ཕིན་རང་ཉིད་ཀྱང་དཀའ་ལས་ཁག་པོ་ཆགས་ཀྱི་འདུག་གཱ གང་ལྟར། ངས་བསམ་པར་འབྱུང་འགྱུར་ཟེར་བ་དེ་ཚོད་གམ་བྱེད་མི་ཐུབ་པ་ཞིག་རེད། དེ་འདྲ་བྱ་རྒྱུར་མིག་གསུམ་པ་ཞིག་མེད་པ་ཡིན་ན་དཀའ་ལས་ཁག་པོ་རེད། མིག་གསུམ་པ་ཡོད་མཁན་དག་གིས་ཀྱང་མཚམས་རེར་བརྒྱ་ཆ་བརྒྱ་འགྲིག་པ་ཞིག་ཡོང་གི་ མི་འདུག་གཱ གཞི་རྩའི་ངས་སྔོན་དུ་བརྗོད་པ་ལྟར་རྒྱ་ནག་ཡིན་ཡང་འཛམ་བུ་གླིང་འདིའི་ཆ་ཤས་ ཤིག་ཆགས་ཡོད་པ་རེད། དབང་ཆ་གཅིག་སྡུད་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་དེ་གོ་ལ་འདིའི་ཐོག་མདུན་ལམ་ ཞེ་དྲགས་ཡོད་པ་མ་རེད། དམངས་གཙོ་དང་ཕྱི་གསལ་ནང་གསལ་གྱི་སྤྱི་ཚོགས། རང་དབང། སྨྲ་བརྗོད་རང་དབང་། བསམ་བློའི་རང་དབང་སོགས་ནི། མ་འོངས་པར་འཛམ་གླིང་ནང་ཕུགས་འདུན་ཆེན་པོ་ཡོད་པའི་ལམ་བུ་ཞིག་རེད། དེར་བརྟེན། རྒྱ་ནག་ཡང་འཛམ་གླིང་གི་ཆ་ཤས་ཤིག་ཡིན་སྟབས། དུས་ཚོད་ཀྱི་དབང་གིས་འགྱུར་དགོས་པའི་དྲི་རྟགས་ཤིག་རེད། ལམ་དེའི་ནང་ང་ཚོ་འགྲོ་རྒྱུ་རེད།
གསར་འགོད་པ། ཁྱེད་རང་གིས་ཚོར་བ་ཆེན་པོའི་སྒོ་ནས་རྒྱ་གར་གྱི་བུ་ཞིག་ཡིན་སྐོར་གསུངས་སོང་། འོན་ཀྱང་། ཁྱེད་ཀྱི་ཡུན་རིང་རེ་སྒུག་བྱེད་ས་ནི་བོད་ལ་ཕྱིར་ཕེབས་རྒྱུ་དེ་རེད། དེར་བརྟེན། ཁྱེད་ཀྱིས་ནམ་ཞིག་ཕྱིར་བོད་ལ་ཕེབས་ཐུབ་རྒྱུའི་རེ་བ་མཐོང་གི་འདུག་གམ།
གོང་ས་མཆོག རེ་བ་རྒྱག་གི་ཡོད། ང་རང་མི་ལོ་ ༨༡ ལ་སླེབས་པའི་རྒན་པོ་ཞིག་ཡིན་ཡང་ངས་ད་དུང་ལོག་ཐུབ་རྒྱུའི་རེ་བ་ཡོད། ང་ད་དུང་ཇི་ཙམ་གནས་ཐུབ་མིན་ནི། ངའི་ངོ་མདངས་ལ་བལྟས་ན་ཤེས་ཐུབ་ཀྱི་རེད། ད་དུང་ལོ་བཅུ་་་་་་་་་་།
གསར་འགོད་པ། ང་ཚོས་ཁྱེད་དེ་ལས་མང་བ་བཞུགས་རྒྱུའི་རེ་བ་རྒྱག་གི་ཡོད།
གོང་ས་མཆོག དེས་ན་ལོ་ཉི་ཤུ་འཚོ་ཐུབ་མདོག་ཁ་པོ་རེད།
གསར་འགོད་པ། ཉེ་འཆར་ཁྱེད་རང་ཨ་རིའི་མཱ་ཡོ་(mayo)སྨན་ཁང་དུ་ཕེབས་དགོས་བྱུང་ཡོད་མོད། ཁྱེད་ཀྱི་སྐུ་གཟུགས་ཀྱི་གནས་སྟངས་ལ་བལྟས་ན་འདིར་ཡོད་པའི་གཞོན་སྐྱེས་དག་ལས་ ཐང་མདོག་ཁ་བ་འདུག དེང་གི་འཆར་ཁྱེད་ཀྱི་འཕྲོད་བསྟེན་གྱི་གནས་སྟངས་གང་འདྲ་འདུག
གོང་ས་མཆོག གཞི་རྩའི་ངའི་གཟུགས་པོ་ཡག་པོ་ཞེ་དྲགས་ཡོད། སྣང་དོགས་མེད།
གསར་འགོད་པ། ཨོ། དེ་ནི་དགའ་འོས་པའི་གཏམ་བཟང་ཞིག་རེད། དེ་ནས་ཁྱེད་ཀྱིས་གསུངས་སྟངས་ལ་ཞིག་ན་ཁྱེད་ཉིད་ད་དུང་ཡང་ཉིན་ཞིག་བོད་ལ་ཕྱིར་ ཕེབས་ཐུབ་རྒྱུར་སྨོན་ལམ་རྒྱག་གི་ཡོད་དམ།
གོང་ས་མཆོག ངས་ལོག་ཐུབ་པའི་རེ་བ་རྒྱག་གི་ཡོད། གཙོ་བོ་བོད་ནང་གི་བོད་མི་བརྒྱ་ཆ་ 99% ང་ལ་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད། བོད་ནས་ཡོང་བའི་མི་སྒེར་པ་རེར་ཐུག་སྐབས་ཁོ་ཚོས་རྟག་པར། བོད་ནང་གི་བོད་མི་ཚོར་ཐུག་པར་ཕེབས་ཤོག་ཨ་ཞེས་ལབ་ཀྱི་འདུག དེས་རྐྱེན་པས་སྐབས་རེར་ང་རང་སེམས་འགུལ་ཚད་མེད་ཐེབས་ཀྱི་འདུག  དེ་བཞིན། རྒྱ་ནག་གི་ནང་པ་དག་ལ་མཚོན་ནའང་། ལོ་བཞི་ཙམ་སྔོན་ལ་གཙུག་ལག་མཐོ་སློབ་ཅིག་གིས་མི་འབོར་གྲངས་བཤེར་བྱས་པའི་སྙན་ ཐོའི་ནང་རྒྱ་ནག་ནང་དུ་ནང་པའི་མི་གྲངས་ས་ཡ་གསུམ་བརྒྱ་ཙམ་ཟིན་གྱི་ཡོད་པ་རེད། གང་ལྟར་རྒྱ་ནག་རྒྱལ་ཁབ་འདི་ནང་པའི་མི་གྲངས་མང་ཤོས་ཀྱི་རྒྱལ་ཁབ་ཅིག་ཆགས་ཡོད་ པ་རེད། དེར་བརྟེན། རྒྱ་ནག་གི་ནང་པ་དེ་འདྲ་དང་མི་དཀྱུས་མ་སོགས་ང་ལ་ཡང་ཡང་ཐུག་ཏུ་ཡོང་གི་ཡོད་པ་ མ་ཟད། དེང་སྐབས་བདུན་ཕྲག་རེ་རེ་བཞིན་ང་རྒྱ་མི་ཚོར་ཐུག་འཕྲད་ཡོང་གི་ཡོད། སྐབས་རེར་ཁོང་ཚོས་མིག་ཆུ་ཡང་གཏོང་གི་འདུག དེར་བརྟེན། གནས་ཚུལ་གང་ཡིན་རུང་འགྱུར་བ་འགྲོ་བཞིན་འདུག་དྲན་གྱི་ཡོ།
གསར་འགོད་པ། ཉེ་བའི་འཆར་བཅར་དྲི་མང་པོ་ཞིག་གི་ནང་ཁྱེད་ཀྱིས་ཡང་སྲིད་སྐོར་ལ་ཐུགས་སྣང་ ཆེན་པོ་གནང་གི་ཡོད་འདུག དེར་བརྟེན། ཁྱེད་རང་ཏྭ་ལའི་བླ་མ་ཆེས་མཐའ་མཇུག་དེ་ཆགས་སྲིད་ཀྱི་རེད་དམ།
གོང་ས་མཆོག ཆགས་སྲིད་པ་རེད། ཡིན་ནའང་ངས་དེ་གལ་ཆེར་འཛིན་གྱི་མེད། དུས་ཚོད་གཅིག་གི་ནང་དགའ་ལྡན་ཕོ་ཕྲང་བསླེབས་པ་རེད་ལ་ལས་ཀ་ཡང་བྱས་པ་རེད། ཡིན་ནའང་ད་ཆ་དུས་རབས་ཉི་ཤུ་རྩ་གཅིག་ཡིན་སྟབས། སྔ་མོ་ནས་དར་བའི་ལམ་ལུགས་དེར་བེད་སྤྱོད་དེ་ཙམ་ཡོད་པ་མ་རེད། གཞི་རྩའི་ང་རང་ཕྱི་ལོ་ ༢༠༡༡ ལོ་ནས་བཟུང་ཆབ་སྲིད་ཀྱི་འོས་འགན་ནས་རྒན་ཡོལ་གཙང་མ་ཞུས་ཟིན་པ་རེད་ལ། མི་མང་གིས་འོས་འདེམས་བྱས་པའི་སྲིད་སྐྱོང་ཡང་བཀོད་ཡོད་པ་རེད། ཕྱི་ལོ་ ༢༠༡༡ ལོར་ང་ཙམ་མ་ཟད་དུས་རབས་བཞི་ཙམ་གྱི་རིག་གཞུང་གི་ལོ་རྒྱུས་ལྡན་པའི་བོད་གཞུང་ དགའ་ལྡན་ཕོ་བྲང་ཡང་ངས་དྭང་བླང་གི་ཐོག་ནས་བསྡུ་གསོག་བརྒྱབས་ཚར་བ་རེད།
གསར་འགོད་པ། འཛམ་གླིང་འདིའི་ནང་ཆབ་སྲིད་ཀྱི་དབང་ཆ་བློས་གཏོང་ཕོད་མཁན་ནི་ཧ་ཅང་དཀོན་པོ་ རེད། ཡིན་ནའང་ཁྱེད་རང་གིས་རླབས་ཆེ་བའི་མཛད་པ་དེ་ལྟ་བུ་ཞིག་བསྐྱངས་བ་དེས་ཀུན་དང་ མི་འདྲའི་དམིགས་བསལ་ཞིག་ཆགས་ཀྱི་ཡོད་པ་རེད།
གོང་ས་མཆོག བོད་གཞུང་དགའ་ལྡན་ཕོ་བྲང་ནི་ཆོས་ཕྱོགས་ནས་གནད་འགག་ཆེན་པོ་ཆགས་ཡོད་སྲིད་པ་ རེད་མ་གཏོགས་སྲིད་ཕྱོགས་ནས་ཡུན་རིང་གནས་དགོས་པའི་གལ་ཆེའི་རང་བཞིན་ཞིག་མ་ རེད། འོན་ཀྱང་། དཔལ་ནྭ་ལེན་ཊ་ནས་དར་བའི་བོད་ཀྱི་ནང་བསྟན་ཆོས་རྒྱུད་དེ་དར་སྤེལ་དང་རྒྱུན་ འཛིན་ཐུབ་པར། ངེས་པར་དེའི་ཐད་སློབ་སྦྱོང་ནན་གཏན་བྱས་ཏེ་ཉར་ཚགས་བྱེད་དགོས་པ་ལས་མི་སྒེར་པ་ རེ་དང་། ཡང་ན་ཚོགས་སྡེ་གཅིག་གཉིས་ལ་བརྟེན་ནས་འཛིན་ཐུབ་པ་ཞིག་མ་རེད། ངས་ཤེས་གསལ་ལ་རྒྱལ་ཁབ་འདིའི་ནང་གྲྭ་པ་གཅིག་ཁྲི་ཙམ་གྱིས་སློབ་སྦྱོང་ཧུར་ཐག་ གནང་གི་ཡོད་པ་དང་། དེའི་ནང་ནས་ལོ་ན་གཞོན་པ་ཚོ་ད་ཆ་ལག་ལེན་པ་དང་མཁས་དབང་ལ་འགྱུར་གྱིན་ཡོད། དེ་ནི་ནང་ཆོས་དར་སྤེལ་དང་ཉར་ཚགས་བྱས་པའི་ཐབས་ལམ་ཡག་ཤོས་དེ་རེད། དེ་མ་གཏོགས་ཚོགས་སྡེ་ཁག་དེ་ཙམ་གལ་ཆེན་པོ་མ་རེད། ངས་མཚམས་རེར་ཁ་མཚར་དང་སྦྲགས་ནས་བཤད་སྡོད་ཀྱི་ཡོད། ཆོས་སྲིད་གཉིས་ལྡན་གྱི་དགའ་ལྡན་ཕོ་བྲང་གི་གཞུང་དེ་ཉིད་རྒྱལ་དབང་སྐུ་ཕྲེང་ ལྔ་པས་གསོལ་གཏོད་པ་ཞིག་རེད། ད་ཆ་ཕྱི་རྒྱལ་བའི་ཏྭ་ལའི་བླ་མས་དྭང་བླངས་ཐོག་ནས་རྒྱལ་དབང་སྐུ་ཕྲེང་ལྔ་པར་ མོས་མཐུན་ཡོད་རུང་མེད་རུང་དགའ་ལྡན་ཕོ་བྲང་མཇུག་བསྡུས་པ་རེད། རྒྱལ་དབང་སྐུ་ཕྲེང་ལྔ་པ་སླར་ཡང་ཕེབས་རྒྱུ་མེད་སྟབས། ང་ལ་ཉེན་ཁ་གང་ཡང་ཡོད་པ་མ་རེད་ཅེས་ནམ་རྒྱུན་ངས་ཆོབ་དང་སྦྲགས་ནས་ཤོད་ཀྱི་ ཡོད།  ང་རང་རྒྱལ་དབང་སྐུ་ཕྲེང་དང་པོའི་ལོ་ཚོད་འདྲ་པོ་དཔེར་ན་ལོ་ ༨༤ ཙམ་ལ་སླེབས་སྐབས་ངས་ཆོས་ལུགས་འདྲ་མིན་གྱི་དབུ་ཁྲིད་རྣམས་པ་དང་གོ་བསྡུར་བྱ་ འདོད་ཡོད། དེའི་གྲ་སྒྲིག་བྱེད་ཕྱོགས་ཐད་སོག་པོ་ཚུད་པའི་མི་སྣ་འགའ་ཤས་ལ་སྐད་ཆ་དྲིས་ཚར་ བ་ཡིན།
གསར་འགོད་པ། ཡང་སྲིད་བཙལ་འཚོལ་སྐོར་ལ་ཁྲིམས་ལུགས་གཏན་འབེབས་དེ་འདྲ་ཡོད་པ་རེད་དགོངས་ཀྱི་འདུག་གམ།
གོང་ས་མཆོག སྐྱེ་བ་སྔ་ཕྱི་མཁས་མི་ལེན་མཁན་གྱི་རྒྱ་ནག་དམར་ཤོག་ཚོགས་པས་ངའི་ཡང་སྲིད་སྐོར་ལ་ང་ལས་ཁོང་ཚོས་སེམས་འཁུར་ཆེ་བ་བྱེད་ཀྱི་འདུག
གསར་འགོད་པ། ཁོང་ཚོས་ཏྭ་ལའི་བླ་མ་ནུས་པ་ཇི་ཙམ་ཆེན་པོ་ཡོད་པ་དེ་ཤེས་ཀྱི་ཡོད་པས་རེད།
གོང་ས་མཆོག མཚམས་རེར་རྒྱ་ནག་དམར་ཤོག་གིས་ཡང་སྲིད་དང་འབྲེལ་བའི་སྐོར་ལ་ཐེ་ཇུས་འདྲ་བྱེད་ པ་དེ་ཡག་པོ་རེད་ཅེས་ལབ་ཀྱི་ཡོད། ཡིན་ནའང་དང་ཐོག་རྒྱ་ནག་གིས་སྟོན་པའི་ནང་ཆོས་དང་སྐྱེ་བ་ཕྱི་མ་མཁས་ལེན་བྱ་ དགོས་པ་རེད། དེ་ནས་མཱའོ་ཙི་ཏུང་(Mao tse tung)དང་ཏིན་ཞའོ་ཕེན(deng Xiaoping )གྱི་ཡང་སྲིད་ངོས་འཛིན་བྱ་དགོས། དེའི་རྗེས་ཏྭ་ལའི་བླ་མའི་ཡང་སྲིད་སྐོར་ལ་ཐེ་ཇུས་བྱས་ན་ཁུངས་ལུང་ཏོག་ཙམ་ཡོད་ པ་རེད།
གསར་འགོད་པ། སྐབས་ཤིག་ལ་ཁྱེད་ཀྱིས་གལ་ཏེ་ཏྭ་ལའི་བླ་མའི་ཡང་སྲིད་བུད་མེད་ཅིག་ཕེབས་པ་ཡིན་ ན། བུད་མེད་རྣམ་པ་མཛེས་པོ་ཞིག་ལ་ཕེབས་རྒྱུ་རེད་ཅེས་གསུངས་ཡོད་པ་རེད་ཅེས་དང་། དེ་འདྲ་ཡིན་ན་ཏྭ་ལ་བླ་མའི་ཡང་སྲིད་བུད་མེད་མཛེས་མ་ཞིག་ལ་ཅི་ཕྱིར་ཕེབས་སྲིད་ དམ།
གོང་ས་མཆོག ངས་ཡང་དེ་འདྲ་གོ་བྱུང་། འོན་ཀྱང་། དེ་ནི་བུད་མེད་འགའ་ཤས་ཀྱིས་སྐྱོན་བརྗོད་བྱས་པ་ཞིག་རེད།
གསར་འགོད་པ། སྐྱེས་པ་འགའ་རེས་ཀྱང་སྐྱོན་བརྗོད་དེ་འདྲ་བྱས་ཡོད་པ་འདྲ།
གོང་ས་མཆོག གང་ལྟར་ངོ་གདོང་ཡག་པོ་ཞིག་དགོས་ཀྱི་ཡོད་པ་ནི་དངོས་ཡོད་གནས་ཚུལ་དང་མཐུན་པ་ རེད། ང་ཚོས་མཐོང་གི་འདུག་གཱ མི་མང་པོ་ཞིག་གིས་ངོ་ལ་བྱུག་རྫས་འདྲ་མིན་བྱུག་པ་སོགས་ཡོང་གི་འདུག་གཱ
གསར་འགོད་པ། ཡིན་ནའང་ཏྭ་ལའི་བླ་མས་ཞལ་ལ་བྱུག་རྫས་བསྐུས་ན་འགྲིག་གི་མ་རེད་པཱ།
གོང་ས་མཆོག ནང་པའི་གཞུང་གི་ནང་ལུས་པོ་ཇི་ཙམ་བཟང་བ་ཡོད་རུང་བདེ་ཐང་ཆེ་བ་དང་ནུས་པ་ཆེ་བ་ ཡོད་པ་གསུངས་ཡོད། དེ་བཞིན་ཏྭ་ལའི་བླ་མའི་ཡང་སྲིད་འདི་གར་ཡང་ཡོང་སྲིད་པ་ཞིག་རེད། རྒྱུ་མཚན་ནི། དེ་ཡང་འགྲོ་བ་མིའི་ལོ་རྒྱུས་ནང་བལྟས་པ་ཡིན་ན། ཐོག་མར་མི་གྲངས་ཧ་ཅང་ཉུང་ཉུང་ཡིན་སྟབས། གཅིག་གིས་གཅིག་ལ་དབང་འགྱུར་བའི་ལམ་ལུགས་དེ་ཡོད་པ་མ་རེད། རིམ་པས་མི་འབོར་ཇེ་མང་དང་ས་ཞིང་འདེབས་ལས་ཀྱི་ལམ་ལུགས་མགོ་བཙུགས་རྗེས། མི་རྣམས་ཀྱི་ངའི་ས་ཆ། ངའི་རྒྱུ་ནོར་ཞེས་རིམ་པས་དབང་འགྱུར་ལམ་ལུགས་མགོ་བཙུགས་པ་ཡིན། སྐབས་དེ་དུས་ཀྱི་མི་རྣམས་ནི་ལུས་པོའི་སྟོབས་ཤུགས་ལ་བརྟེན་ཏེ། ཕན་ཚུན་དབང་དུ་གྱུར་རེས་བྱས་པ་ནས་བཟུང་སྤྱི་ཚོགས་ཡོངས་སྐྱེས་པའི་དབང་འགྱུར་ འོག་ཚུད་ཡོད་པ་རེད།
རྗེས་སུ་རིམ་པས་སློབ་སྦྱོང་གི་ལམ་ལུགས་དར་སྤེལ་བྱུང་ཡོད་ཅིང་། དེས་སྤྱི་ཚོགས་ནང་འདྲ་མཉམ་གྱི་ལྟ་བ་ཤུགས་ཆེ་རུ་བཏང་ཡོད་པ་རེད།  རྒྱ་གར་ལྟ་བུར་མཚོན་ན་བུད་མེད་དབུ་ཁྲིད་ཨིན་དྷར་གྷན་དྷི་དང་། དེ་བཞིན་ཨིན་ལན་སོགས་རྒྱལ་ཁབ་མང་པོའི་ནང་རྣམ་དཔྱོད་ལྡན་པའི་བུད་མེད་དབུ་ ཁྲིད་མང་པོ་བྱུང་ཡོད་པ་རེད། དེར་བརྟེན། སློབ་སྦྱོང་གིས་སྤྱི་ཚོགས་ནང་འདྲ་མཉམ་གྱི་ལྟ་ཚུལ་ཤུགས་ཆེ་རུ་གཏོང་གི་ཡོད་ མོད། དེང་གི་དུས་སུ་སློབ་སྦྱོང་ཁོ་ནས་འདང་གི་མེད་པར། ང་ཚོས་ངེས་པར་འགྲོ་བ་མིའི་རིན་ཐང་དང་སྙིང་རྗེའི་བསམ་བློ་སོགས་ཀྱི་ནུས་པ་ གོང་མཐོར་སྤེལ་དགོས་པ་རེད། དེའི་ཐད་རང་ཉིད་ཀྱི་ཉམས་མྱོང་ངམ་ཚན་ཪིག་པས་འགྲེལ་བརྗོད་སོགས་གང་ལ་བལྟས་ ཀྱང་། སྐྱེས་དུས་ནས་གཞན་གྱི་སྡུག་བསྔལ་མྱོང་ཚོར་ཐུབ་པའི་ནུས་པ་དེ་བུད་མེད་ལ་ཤུགས་ ཆེ་བ་ཡོད་པ་གསལ་པོ་རེད་འདུག མིའི་རིགས་ཀྱི་སྙིང་རྗེ་དང་བརྩེ་བའི་བསམ་པ་གོང་འཕེལ་གཏོང་ཆེད་ངེས་པར་དུ་ བུད་མེད་ཚོས་འགན་འཁུར་ཤུགས་ཆེ་བ་འཁྱེར་དགོས་ཀྱི་འདུག དེ་འདྲ་ཡིན་དུས། ད་ཆ་བུད་མེད་ཀྱིས་མགོ་ཁྲིད་པའི་དུས་ལ་བབ་ཡོད་པ་རེད། འགྲོ་བ་མིའི་ལོ་རྒྱུས་ལ་ཕྱིར་འདང་བརྒྱབ་པ་ཡིན་ན། དམར་གསོད་གཏོང་མཁན་དང་དྲག་སྤྱོད་ཀྱི་ལས་ལ་ཞུགས་མཁན་མང་ཆེ་བ་སྐྱེས་པ་ཆགས་ ཡོད། དེར་བརྟེན། བུད་མེད་ཚོས་བུ་ཕྲུག་སྐྱེས་པ་དང་གསོ་སྐྱོང་བྱེད་ཐུབ་ཙམ་མ་ཡིན་པར་འགྲོ་བ་ མིའི་བརྩེ་སེམས་དར་སྤེལ་གྱི་འགན་འཁུར་ཆེན་པོ་ཞིག་འཁྱེར་དུས་ལ་སླེབས་ཡོད་པ་ རེད། དེ་སྔོན་ང་རང་ཧྥ་རིན་སིར་ཡོད་དུས་གསར་འགོད་པ་ཞིག་གིས་བུད་མེད་ཏྭ་ལའི་བླ་མ་ ཞིག་བྱུང་སྲིད་མིན་དྲིས་བྱུང་། སྐབས་དེས་ངས་དེ་སྲིད་པ་ཞིག་རེད་ཅེས་བརྗོད་རྒྱུ་བྱུང་། གལ་ཏེ་ཏྭ་ལའི་བླ་མའི་ཡང་སྲིད་ལ་བུད་མེད་རྣམ་པ་ཡག་པོ་ཞིག་ཕེབས་པ་ཡིན་ན་མི་ མང་གང་མང་་མཇལ་ཁར་ཡོང་ངེས་རེད།
གསར་འགོད་པ། དེང་སང་ཡང་ཆོས་ལུགས་མི་སྣ་མང་པོ་ཞིག་གིས་རྙིང་ཞེན་གྱི་ལྟ་བའི་འོག་བུད་མེད་ དང་བུད་མེད་ཆང་ས་རྒྱག་པའི་ལམ་ལུགས་ལ་ངོ་རྒོལ་ཤུགས་ཆེན་གནང་གི་ཡོད། ཁྱེད་ཀྱིས་དེའི་ཐོག་དགོངས་ཚུལ་གང་ཡོད།
གོང་ས་མཆོག དེ་ནི་གང་ཟག་སོ་སོའི་ལྟ་གྲུབ་དང་དད་པ། རིག་གཞུང་བཅས་ལ་རག་ལས་པ་རེད། སོ་སོར་ལམ་ལུགས་ཡོད་མཁན་ཚོ་དེའི་རྗེས་སུ་འབྲང་ན་ལེགས་པར་སྙམ། ཆོས་ལུགས་སོགས་ལ་ཡིད་ཆེས་མེད་མཁན་ཚོས་ཕོ་མོ་དབྱེར་མེད་ཀྱི་ལྟ་ཚུལ་འཛིན་ཐུབ་ ན་ཡག་པོ་འདུག དེ་ནི་ངའི་བསམ་ཚུལ་ཙམ་ཡིན།
གསར་འགོད་པ། ཁྱེད་ཀྱིས་ཆབ་སྲིད་ཀྱི་ཐུགས་དབང་བློས་བཏང་བྱས་ཀྱང་གང་ལྟར་ཁྱེད་རང་ད་དུང་ཡང་ བོད་མིའི་དབུ་ཁྲིད་རེད། ཉེ་འཆར་བུ་ལོ་༡༦བྱེད་པ་ཞིག་གིས་༧གོང་ས་མཆོག་སྐུ་ཚེ་བརྟན་པ་ཤོག་ཅེས་འབོད་ སྒྲ་སྒྲོག་གིན་རང་ལུས་མེར་སྲེགས་བཏང་བའི་གནས་ཚུལ་ཐབས་སྐྱོ་པོ་དེ་འདྲ་བྱུང་ ཡོད་པ་རེད། དེའི་ཐད་རྒྱ་ནག་གིས་ཁྱེད་ཀྱིས་བོད་ཀྱི་བཙུན་པའི་ཚེ་སྲོག་ལ་འགན་མ་འཁྱེར་བར་ ཁྱེད་དང་ཁྱེད་ཀྱིས་རྗེས་འཇུག་པ་ཚོས་རང་ལུས་མེར་བསྲེགས་ལས་འགུལ་ལ་རྒྱུད་ སྐུལ་བྱེད་ཀྱི་ཡོད་རེད་བཅས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད། གནད་དོན་དེ་དག་ཐོག་ཁྱེད་རང་ལ་དགོངས་ཚུལ་གང་ཡོད་དམ།
གོང་ས་མཆོག རང་ལུས་མེར་བསྲེགས་ཀྱི་གནད་དོན་དོན་ཐོག་མར་བོད་ནང་དུ་བྱུང་སྐབས་བྷི་བྷི་ སིའི་གསར་འགོད་པ་ཞིག་གིས་ང་ལ་དྲི་བ་དེ་ག་རང་དྲིས་བྱུང་། ངས་སེམས་པ་ཕམ་པོ་ཞེ་དྲགས་བྱུང་། གནས་ཚུལ་འཚབ་ཆེན་རེད་ཅེས་བརྗོད་རྒྱུ་བྱུང་། ངས་གནས་ཚུལ་དེའི་ཐོག་སྐྱོན་བརྗོད་བྱས་པ་ཡིན་ན། མེར་བསྲེགས་གཏོང་མཁན་ཀྱི་ནང་མི་སྤུན་ཟླ་ཚོ་སེམས་ཕམ་གྱི་རེད། གནད་དོན་དེའི་ཐད་སེམས་ཤུགས་སྤར་རྒྱུ་ནི་དེ་བས་ཀྱང་ཡོང་གི་མ་རེད། དེ་བས་སྟབས་བདེ་ཤོས་ནི་རྒྱ་མིས་ག་རེ་ལབ་འདོད་ཡོད་ཀྱང་ལབ་ཏུ་བཅུག་ནས་ང་རང་ཁ་ རོག་འདུག་རྒྱུ་དེ་ཡག་ཤོས་རེད།
གསར་འགོད་པ། ཁྱེད་རང་ཁུ་སིམ་མེར་བཞུགས་པ་དེས་གཞོན་སྐྱེས་འགས་མེར་བསྲེགས་གཏོང་རྒྱུའི་ལས་ འགུལ་དེ་ལ་ཁྱེད་རང་ཐད་ཀྱི་ཡོད་པའི་རྣམ་འགྱུར་ལྟ་བུར་གོ་ནོར་ཐེབས་སྲིད་ཀྱི་ མ་རེད་དམ། ཁྱེད་ཀྱི་ངོས་ནས་ཚིག་ཤུགས་ཆེ་ཙམ་ཞིག་གིས་ཁོང་ཚོར་རོགས་པ་གནང་ཐུབ་རྒྱུ་མ་ རེད་དམ།
གོང་ས་མཆོག དེ་ནི་ཆབ་སྲིད་ཀྱི་ཚོར་བ་རྐྱེན་པོ་ཡོད་པའི་གནད་དོན་ཞིག་རེད། ད་ནི་ང་རང་རྒན་ཡོལ་ཟིན་པའི་བླ་རྒན་ཞིག་ཡིན་དུས་ཁུ་སིམ་མེར་བསྡད་ན་ལེགས་པར་ སྙམ།
ཟུར་ཉན་དུ་ཕེབས་པའི་སློབ་མ་ཞིག  རྒྱ་ནག་གིས་ཁྱེད་ལ་དྲག་སྤྱོད་པ་ལྟ་བུ་ཞིག་ལ་ངོས་འཛིན་བའི་སྐབས་སུ་ཁྱེད་ཀྱིས་ཞེ་སྡང་མི་སྐྱེ་བའི་གདོང་ལེན་ཇི་ལྟར་གནང་གི་ཡོད་དམ།
གསར་འགོད་པ། རྒྱ་ནག་གིས་མཚམས་རེར་ཁྱེད་ལ་གདོན་འདྲེ་ལྟ་བུར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད། ཁྱེད་ད་དུང་ཡང་ཁོང་ཚོར་གུས་བཀུར་ཇི་ལྟར་གནང་གི་ཡོད།
གོང་ས་མཆོག དེ་ནི་གོད་བྲོ་པོ་ཞིག་རེད། ང་རང་སྔར་ཨི་ཊྲ་ལིའི་ནང་ཡོད་པའི་སྐབས་ཤིག་ལ་ཡང་གསར་འགོད་པས་ང་ལ་རྒྱ་ནག་གི་ མི་འགའ་ཞིག་གིས་ཁྱེད་རང་གདོན་འདྲེ་ལ་ངོས་འཛིན་གྱི་ཡོད་པ་རེད། དེར་ཁྱེད་རང་གིས་རྣམ་འགྱུར་འཛིན་སྟངས་ག་རེ་ཡིན་ཞེས་དྲིས་བྱུང། སྐབས་དེ་དུས་ངས་ལབ་རྒྱུ་བྱུང་། ང་གདོན་འདྲེ་ཡིན། མགོ་ལ་ར་ཅོ་སྐྱེས་ཡོད་པའི་གདོན་འདྲེ་ཞིག་ཡིན་ཞེས་བཤད་རྒྱུ་བྱུང་།
གསར་འགོད་པ། འཛམ་བུ་གླིང་གིས་ཁྱེད་རང་ནི་དཔའ་བོ་ཞིག་ལ་ངོས་འཛིན་གྱི་ཡོད་པ་མ་ཟད། གྲགས་ཆེན་མི་སྣ་མང་པོ་ཞིག་གིས་ཀྱང་། ཁྱེད་ལ་མཇལ་འཕྲད་ཀྱི་སྐབས་སུ་ཁྱེད་ལ་གུས་བཀུར་ཞུ་བཞིན་ཡོད་པ་རེད། དེས་ན་མཚམས་རེར་ཁྱེད་རང་རོལ་དབྱངས་འདུ་ཚོགས་ཆེན་མོ་དེ་འདྲའི་དུས་ཆེན་སྟེང་ ཕེབས་སྐབས་ནང་པའི་ཆོས་པ་ཞིག་གི་ལམ་ནས་ལོགས་སུ་སླེབས་པའམ་སྣང་བ་གཡེངས་བ་ལྟ་ བུ་དགོངས་ཀྱི་འདུག་གམ།
གོང་ས་མཆོག ང་ཡང་འཛམ་གླིང་མི་འབོར་ཐེར་འབུམ་བདུན་གྱི་ནང་ནས་གཅིག་རེད། དེ་བཞིན་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཞིག་ཀྱང་རེད། དེ་འདྲ་ཡིན་དུས་ང་ཚོ་མི་རེ་ངོ་རེར་འགྲོ་བ་མིའི་སྤྱི་ཚོགས་ཀྱི་བདེ་འཇགས་ལ་ འགན་ཁྲི་ཡོད་པ་རེད། དེར་བརྟེན། ང་ཡང་མི་ཞིག་ཡིན་བསམ་པ་ལས་ང་ཏྭ་ལའི་བླ་མ་ཡིན་སྙམ་པ་ཞིག་གཏན་ནས་མེད། ངས་མི་མང་ལ་ལབ་ཀྱི་ཡོད། གལ་ཏེ་ང་ཏྭ་ལའི་བླ་མ་ཡིན་བསམ་ནས་ངང་འཚབ་ཆེན་པོ་བྱེད་པ་ཡིན་ན། མི་འབོར་ཐེར་འབུམ་བདུན་གྱི་ནང་ན་ཏྭ་ལའི་བླ་མ་གཅིག་མ་གཏོགས་ཡོད་པ་མ་རེད། དེས་ན་ང་ཁེར་རྐྱང་དུ་ལྷག་པའི་ཚོར་བ་ཡོང་རྒྱུ་རེད། དེ་བས་ངས་མི་ཚང་མ་རང་ཉིད་ཀྱི་གཅེན་གཅུང་ལྟ་བུར་ངོས་བཟུང་པ་ཡིན་ན་སེམས་ལ་ བདེ་སྐྱིད་རྦད་དེ་ཆེ་བ་འདུག འདི་ལྟ་བུའི་བགྲོ་གླེང་སོགས་ཀྱི་སྐབས་སུའང་། ངས་ང་རང་རྩ་ཆེན་དུ་རྩིས་ནས་བབ་ཆག་མདོག་བྱེད་པ་ཡིན་ན་ང་ཚོ་ཕན་ཚུན་འབྲེལ་ འདྲིས་དང་རྒྱུས་ལོན་བྱེད་ཐུབ་ཀྱི་མ་རེད། ནམ་རྒྱུན་ང་རང་གོ་ཁྲིད་བབ་ཆག་པོ་བྱས་ཏེ། སྡོད་མཁན་དེ་འདྲ་དང་ཐུག་སྐབས་དཀའ་ལས་ཁག་པོ་ཡོང་གི་འདུག དེར་བརྟེན། ངའི་བསམ་བློའི་ནང་དུས་ཚོད་མགྱོགས་ཙམ་རྫོགས་པར་ཤོག་སྙམ་ནས་སྡོད་ཀྱི་ཡོད། སྤྲང་པོ་ཞིག་ཡིན་རུང་འགྲོ་བ་མིའི་གདོང་ལ་ལྡན་པའི་མཛུམ་མདངས་བསྟན་ནས་གཅེན་ གཅུང་ལྟ་བུའི་སྐད་ཆ་བཤད་པ་ཡིན་ན་སེམས་པ་སྐྱིད་པོ་ཞེ་དྲགས་ཡོང་གི་འདུག ངས་ཉམས་མྱོང་གི་སྒོ་ནས་བལྟས་པ་ཡིན་ནའང་གཞན་སུ་ཞིག་ཡིན་རུང་མི་རང་རེད་མ་ གཏོགས་དེ་ལས་ལྷག་པའི་དམིགས་བསལ་གང་ཡང་མཐོང་གི་མི་འདུག དེ་ནི་ངོས་རང་འདོད་ཚ་བའི་རྒྱུ་མཚན་ཞིག་རེད།
གསར་འགོད་པ། ཁྱེད་རང་ལ་འདམ་ང་མེད་པའི་ཐོག་ནས་ཚེ་འདིར་ཏྭ་ལའི་བླ་མ་བྱེད་དགོས་བྱུང་བ་རེད། གལ་ཏེ་ཁྱེད་རང་ཏྭ་ལའི་བླ་མ་མིན་པ་ཡིན་ན་ཁྱེད་རང་གང་བྱེད་འདོད་དམ།
གོང་ས་མཆོག ང་ཏྭ་ལའི་ཡང་སྲིད་དུ་འདེམས་ཟིན་པ་རེད། དྲི་བ་དེ་འབྲེལ་བ་མཐོང་གི་མི་འདུག
གསར་འགོད་པ། ཁྱེད་རང་དེ་འདྲ་ཆུང་ཆུང་ཞིག་གི་སྐབས་ནས་ཏྭ་ལའི་བླ་མའི་མིང་འཁྱེར་དགོས་དུས་དཀའ་ངལ་ཏན་ཏན་ཡོད་ཀྱི་རེད།
གོང་ས་མཆོག ཐོག་མར་མི་མང་པོས་ཏྭ་ལའི་བླ་མ་ཞེས་པ་དེ་གང་འདྲ་ཞིག་ཡིན་ན་སྙམ་པའི་ཤེས་འདོད་ ཆེན་པོ་སླེབ་ཀྱི་ཡོད་པ་རེད། རིམ་པས་མི་མང་པོ་དང་འབྲེལ་འདྲིས་གྱིས་ཏེ་ཏྭ་ལའི་བླ་མ་ཞེས་པ་དེ་མི་གང་འདྲ་ ཞིག་ཡིན་པ་ཤེས་པ་རེད། སྐབས་དེ་དུས་ང་རང་ཡང་མི་དང་མིའི་བར་གྱི་འབྲེལ་བ་དེ་ཚོར་ཐུབ་བྱུང་། ང་ལ་མི་གཞན་ལ་ཞབས་ཞུ་བགྲུབ་རྒྱུ་དང་གཞན་གྱི་སྡུག་བསྔལ་སེལ་བའི་ཉམས་མྱོང་ ཕྲན་བུ་ཞིག་ཡོད་པ་རེད། དེ་ང་མི་ཞིག་ཡིན་སྙམ་པའི་སྒོ་ནས་གཞན་ལ་ལབ་སྡོད་ཀྱི་ཡོད། གལ་ཏེ་ང་རྩ་ཆེན་ཞིག་ཡིན་བསམ་ནས་སྡོད་པ་ཡིན་ན། ངའི་ཉམས་མྱོང་མི་གཞན་ལ་ལབ་ཐུབ་ཀྱི་མ་རེད། དེ་སྔོན་ང་མ་ཡོ(mayo)སྨན་ཁང་དུ་ཡོད་སྐབས་སྨན་པ་ཞིག་གིས་ང་ལ་ངས་ཁྱེད་རང་ལ་ཇི་ལྟར་འབོད་དགོས་པ་རེདཅེས་དྲིས་སོང་། སྐབས་དེར་ངས་ཁྱེད་རང་གིས་ང་ལ་གཅེན་པོ་ཞེས་འབོད་ན་ཡག་པོ་འདུག དེ་སྟབས་བདེ་ཤོས་རེད་ཅེས་ལབ་རྒྱུ་བྱུང་།
གསར་འགོད་པ། དྲི་བ་མཐའ་མ་དེ། ཁྱེད་རང་སྐྱེ་བ་རྗེས་མར་གང་འདྲ་ཞིག་ལ་སྐྱེ་བ་ལེན་འདོད་ཡོད།
གོང་ས་མཆོག རྒྱལ་དབང་སྐུ་ཕྲེང་དང་པོ་ནི་བསམ་ཀྱིས་མི་ཁྱབ་པའི་མཁས་པ་ཞིག་རེད། ཁོང་གུང་ལོ་ ༨༠ ཙམ་ལ་ཕེབས་སྐབས་རྒྱལ་དབང་མཆོག་དགེ་རྒན་ལ་བརྟེན་མཁན་གྱི་མཁས་པ་མང་པོ་ཞིག་ ཡོད་པ་དེ་དག་གིས་ཁོང་ལ་ཁྱེད་སྐྱེ་བ་རྗེས་མར་དག་ཞིང་ལ་ཕེབས་རྒྱུའི་གྲ་སྒྲིག་ ཡིན་ནམ་ཞེས་དྲིས་སྐབས། ཁོང་གིས་ང་ལ་དེ་འདྲའི་འདོད་པ་མེད། ང་ལ་འདོད་པ་གཅིག་ཡོད་པ་ནི་སེམས་ཅན་སྡུག་བསྔལ་གྱིས་མནར་སའི་གནས་གང་ཡོད་པ་ དེར་རང་ཉིད་སྐྱེས་ནས། ཁོང་ཚོ་སྡུག་བསྔལ་ལས་དགྲོལ་ཐབས་ཀྱི་རོགས་པ་ཅུང་ཟད་བྱ་ཐུབ་ན་སྙམ་གྱི་ཡོད་པ་ དེ་ཡིན་ཞེས་གསུངས་འདུག  ངས་ཀྱང་ཉིན་ལྟར་ཇི་སྲིད་འཁོར་བ་མ་སྟོང་བར། དེ་སྲིད་སེམས་ཅན་མནར་འགྱུར་བས། ང་ཡང་འཁོར་བ་མ་སྟོང་གི་བར་གནས་ཏེ། སེམས་ཅན་སྡུག་བསྔལ་ལས་སྐྱོབ་ཐུབ་པ་ཤོག་ཅེས་སྨོན་ལམ་འདེབས་ཀྱི་ཡོད། དེ་ནི་ངའི་འདོད་པ་ཡིན། གང་ལྟར་ཡང་། སྐྱེ་བ་རྗེས་མར་སེམས་ཅན་སྡུག་བསྔལ་གྱིས་གནར་སའི་གནས་གང་ཞིག་ཏུ་རང་ཉིད་ སྐྱེས་ནས་གཞན་ཕན་གྱི་བྱ་བ་གྲུབ་པའི་གོ་སྐབས་ཕྲན་བུ་རེ་རག་པ་ཡིན་ན་དེ་ནི་མི་ ཚེའི་དོན་སྙིང་རེད།
གསར་འགོད་པ། དུས་ཚོད་འདི་འདྲ་ཞིག་གི་སྐབས་སུའང་ཁྱེད་ཀྱིས་འཛམ་གླིང་ཞི་བདེར་རེ་བའི་འབོད་ ཚིག་དག་ནི་ཧ་ཅང་གལ་ཆེན་པོ་ཆགས་ཡོད་པ་རེད། དེར་བརྟེན། དེ་རིང་ཁྱེད་ཀྱི་དུས་ཚོད་མང་པོ་ཞིག་ང་ཚོ་དང་ལྷན་དུ་བཏང་བར་ཐུགས་རྗེ་ཆེ་ཞུ་ བ་ཡིན།
གོང་ས་མཆོག རྒྱ་གར་བའི་གཞོན་སྐྱེས་ཚོ། ཁྱེད་ཚོར་དེང་གི་དུས་སུ་མཁོ་བའི་ནང་སེམས་ཀྱི་ཞི་བདེ་དར་སྤེལ་གྱི་ནུས་པ་ཆེན་ པོ་ཡོད་པ་རེད། རྒྱ་གར་བའི་གནའ་དུས་ཀྱི་རིག་གཞུང་ཕྱུག་པོ་ཞེ་དྲགས་རེད། སྔ་མོའི་རྒྱ་གར་གྱི་སེམས་ཁམས་རིག་པའི་ལྟ་གྲུབ་དང་ད་ལྟའི་རྒྱ་གར་བའི་སེམས་ ཁམས་རིག་པའི་ལྟ་གྲུབ་གཉིས་བསྡུར་བ་ཡིན་ན་ད་ལྟའི་སྐབས་ནི་བྱིས་པ་དང་འདྲ་པོ་ རེད། གནའ་དུས་ཀྱི་རྒྱ་གར་མཁས་པ་ཚོས་མིའི་སེམས་ཁམས་ཀྱི་ཤེས་བྱ་དང་ཚོར་བའི་ཤེས་བྱ། ཚོར་བ་དེ་དག་ལ་ཁ་གཏད་ཇི་ལྟར་གཅོག་མིན་གྱི་ཐབས་ལམ་སོགས་ནི་ཧ་ལས་པའི་ཟབ་མོ་ རེད། ཡིན་ནའང་དེང་སང་རྒྱ་གར་བའི་ནང་དེ་འདྲ་མི་འདུག ངས་རྟག་པར་གནའ་དུས་གྱི་རྒྱ་གར་བ་ཚོ་ནི་ང་ཚོའི་དགེ་རྒན་ཡིན་ཞེས་ཤོད་ཀྱི་ཡོད། དེང་གི་རྒྱ་གར་བ་ཚོའི་ནང་དུ་ནུབ་ཕྱོགས་ཀྱི་ལྟ་ཚུལ་ཤུགས་ཆེན་སླེབས་ཡོད་པ་ རེད། གང་ལྟར་ཡང་གནའ་དུས་ཀྱི་རིག་གཞུང་ནི་ང་རང་ཚོའི་རིག་གཞུང་རེད། དཔལ་ན་ལེན་ཊ་ནས་དར་ཁྱབ་བྱུང་བའི་ནང་ཆོས་ཀྱི་ལྟ་གྲུབ་དེ་དག་ནི་དེང་གི་རྙོག་ དྲའི་ནང་དུ་ཚུད་པའི་འཛམ་བུ་གླིང་འདིར་དགོས་མཁོ་ཧ་ཅང་ཆེན་པོ་ཡིན། རྒྱ་གར་བ་གཞོན་སྐྱེས་ཁྱེད་ཚོས་དེའི་སྐོར་ལ་ངེས་པར་སློབ་སྦྱོང་བྱས་ཏེ་མཁྱེན་ པ་གནང་དགོས།
དེང་གི་ཤེས་ཡོན་གལ་ཆེན་པོ་ཡིན་མོད། ནང་སེམས་ཁམས་དང་འབྲེལ་བའི་སྔ་མོའི་རིག་གཞུང་ལས་བྱུང་བའི་ཤེས་ཡོན་དེ་ནི་དེ་ བས་གལ་ཆེན་ཡིན། ངས་བསམ་པར་རྒྱ་གར་ཁོ་ནས་གནའ་དེང་ཤེས་ཡོན་ཟུང་དུ་འབྲེལ་ཏེ་བཟང་སྤྱོད་ལྡན་ པའི་ཁྱིམ་ཚང་ཞིག་དང་སྤྱི་ཚོག་ཅིག མཐར་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་བསྐྲུན་ཐུབ་པ་ཡིན། དེར་བརྟེན་ཁྱེད་ཚོར་གོ་སྐབས་དང་འགན་ཁྲི་ཡོད་སྟབས། ངས་ལག་གཉིས་ཐལ་མོ་སྦྱར་ཏེ་འབོད་སྐུལ་ཞུ་འདོད་པ་ནི་ཁྱེད་ཚོ་གཞོན་སྐྱེས་རྣམ་ པས་ལོ་ངོ་སྟོང་ཕྲག་ཡར་སྔོན་གྱི་རྒྱ་གར་གྱི་རིག་གཞུང་ལ་དོ་སྣང་མང་ཙམ་སྤྲོད་ རོགས་གནང་། དོ་སྣང་མ་སྤྲད་པ་ཡིན་ང་ཚོ་ཁྱོད་ཚོའི་དགེ་རྒན་ཆགས་རྒྱུ་རེད། གཅིག་བྱས་ན་རྒྱུ་མཚན་དེ་བྱབ་ཆུང་འདྲ་ཆགས་ཀྱི་ཡོད་སྲིད།
ཆོས་སྒྲོན་གྱིས་བསྒྱུར། བོད་ཀྱི་དུས་བབ་དྲ་ཚིགས་ནས་དྲངས།

No comments:

Post a Comment