Saturday 1 August 2015

སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ།


༄༅། །སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཐུབ་བསྟན་ཆོས་ཀྱི་ཉི་མ་མཆོག་ནི་ཕྱི་ལོ་ ༡༩༥༠ ཟླ་ ཚེས་ ༢༥ ལྷ་བབས་དུས་ཆེན་ཉིན་ཡབ་ཚེ་དཔག་རྡོ་རྗེ་དང་ཡུམ་སྒྲོལ་མ་ཆོས་འཛོམས་གཉིས་ཀྱི་སྲས་སུ་ངོ་མཚར་བའི་ལྟས་དུ་མ་དང་བཅས་ལི་ཐང་མཐིལ་དུ་སྐུ་འཁྲུངས། དགུང་ལོ་བདུན་གྱི་སྟེང་ནས་ལི་ཐང་དགོན་ཆེན་དུ་ཆོས་ཞུགས་ཀྱིས་སློབ་གཉེར་གནང་། ཕྱི་ལོ་ ༡༩༨༢ ལོར་འབྲུག་བརྒྱུད་དེ་རྒྱ་གར་དུ་ཕེབས་ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསེར་ཞལ་ཐོག་མར་མཇལ་ཞིང་སྐབས་དེའི་བོད་ཀྱི་གནས་སྟངས་དང་བོད་མིའི་སྐྱིད་སྡུག་༸གོང་མཆོག་ལ་སྙན་སེང་ཞུས་ཤིང་། ༸གོང་ས་མཆོག་གི་སྐུ་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས། དེ་ནས་༸གོང་ས་མཆོག་གི་བཀའ་བཞིན་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་བཀྲིས་སྒོ་མང་གྲྭ་ཚང་དུ་ཕེབས། ཕྱི་ལོ་ ༡༩༨༣ ལོར་༸གོང་ས་མཆོག་ནས་དགེ་བཤེས་ཨ་དམ་ཕུན་ཚོགས་ཀྱི་ཡང་སྲིད་དུ་ངོས་འཛིན་ཕྱག་རྟགས་གནང་ཞིང་མཚན་ལ་བསྟན་འཛིན་བདེ་ལེགས་ཞེས་མཚན་གསོལ།
ཕྱི་ལོ་ ༡༩༨༧ ལོར་ཕ་ཡུལ་ཕྱོགས་ཀྱི་ཨོ་ཐོག་སྡེ་ཤོག་དྲུག་གི་སེར་སྐྱ་མི་མང་ནས་གསོལ་བ་བཏབས་པ་བཞིན་ཕ་ཡུལ་ལི་ཐང་དུ་ཕེབས་ཏེ། བོད་ཀྱི་ཆོས་དང་རིག་གཞུང་། མི་མང་གི་བདེ་སྡུག བུ་གསོ་ཁང་དང་དགོན་པ་གསར་བཞེངས། རང་བྱུང་གཏེར་ཁ་དང་རི་དྭགས་སྲུང་སྐྱོབ་སོགས་ཀྱི་ཞབས་ཞུ་བླ་མེད་བསྒྲུབས་པ་དང་། ལི་ཐང་ཁུལ་གྱི་ས་གནས་མང་ཆེ་བར་ས་རྩོད་ཆུ་རྩོད་དང་། ཆང་རག་ཤོ་རྒྱག་རྒྱན་འཇོག་སོགས་རྙོག་གླེང་མང་པོ་ཡོད་པར། རིན་པོ་ཆེ་ས་གནས་སུ་ཆེད་ཕེབས་ཀྱི་ལམ་དོན་བཀའ་སློབ་གནང་བ་སོགས་ཀྱིས་ས་གནས་སུ་འགྱུར་ལྡོག་ཆེན་པོ་བྱུང་ཡོད།
            ཕྱི་ལོ་ ༡༩༩༧ ལོར་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱིས་རིན་པོ་ཆེའི་སྐོར་ལ་དམིགས་བསལ་ཚོགས་འདུ་ཞིག་འཚོགས་ཏེ། ཚོགས་འདུའི་གྲོས་ཆོད་དུ་ཨ་ངག་བཀྲ་ཤིས་རྒྱལ་ཁབ་ཀྱི་གཏན་འབེབས་སྲིད་ཇུས་ལས་འགལ་བ་དང་། བླ་མ་དང་ཆོས་ལུགས་ཀྱི་དར་ཆ་བསྒྲེངས་ཏེ་རྒྱལ་ཁབ་ཀྱི་སྲིད་ཇུས་དང་རྩ་ཁྲིམས་ལ་སྣང་མེད་ཁྱད་གསོད་བྱས་ཏེ་ཆོག་མཆན་མེད་པར་རང་སྒེར་གྱིས་དགོན་པ་གསར་རྒྱག་བྱས་པ། དགོན་པ་གཞན་གྱི་ལས་དོན་ལ་ཇུས་གཏོགས་བྱས་པ། རང་མཚམས་ཀྱིས་སྤྲུལ་སྐུ་ངོས་འཛིན་བྱས་ཚུལ་སོགས་ལ་བསྙད་དེ།
            ༡༽ཨ་ངག་བཀྲ་ཤིས་སྤྲུལ་སྐུར་ངོས་ལེན་མེད་པ།
༢༽ད་ནས་བཟུང་གྲྭ་བ་དཀྱུས་མའི་ངོ་བོར་གནས་རྒྱུ་ལས་སྤྲུལ་སྐུའི་མིང་ཐོག་བྱེད་སྒོ་སྤེལ་མི་ཆོག་པ།
༣༽ཁོང་གིས་ངོས་འཛིན་བྱས་པའི་སྤྲུལ་སྐུ་རྣམས་རྩིས་མེད་དུ་གཏོང་རྒྱུ།
༤༽དགོན་པ་གཞན་དག་གི་བྱེད་སྒོར་ཞུགས་མི་ཆོག
༥༽མུ་མཐུད་དགོན་པ་རྒྱ་བསྐྱེད་གཏོང་མི་ཆོག
༦༽ཉག་ཆུ་རྫོང་ཆབ་སྲིད་གྲོས་མོལ་གྱི་འཐུས་མིའི་གོ་གནས་ཕྱིར་བསྡུ་བྱ་རྒྱུ། ཞེས་གྲོས་ཆོད་དོན་ཚན་དྲུག་གཏན་འབེབས་བྱས་ཡོད་པ་དང་། བར་སྐབས་ཤིག་ལ་དཀར་མཛེས་ཚགས་པར་གྱི་སྟེང་དུ་ཨ་ངག་བཀྲ་ཤེས་དེ་ཁམས་ལྷོ་ཕྱོགས་ཀྱི་ཏཱ་ལའི་ཁ་བྲལ་རང་ལུགས་ཀྱི་རང་བཙན་ཚོགས་པ་ཆེ་ཤོས་དང་། དེའི་ཚོགས་གཙོ་ཡིན་པ་སོགས་གཏན་འབེབས་བྱས་ཡོད་པ་དང་། <ཨ་ངག་བཀྲ་ཤིས་ཁྲིམས་འགལ་གཏན་འབེབས་ཀྱི་ཡིག་ཆ་> ཟེར་བའི་དེབ་ཆུང་ཞིག་དཀར་མཛེས་ཁོངས་གཏོགས་སུ་བཀྲམས་ཤིང་། སྤྲུལ་སྐུ་ལགས་འཇུ་བཟུང་བྱ་རྒྱུའི་ཇུས་ངན་བཤམས་ཡོད་པའི་རྐྱེན་གྱིས་སྤྲུལ་སྐུ་ལགས་ཟླ་བ་ལྔ་ལྷག་རིང་རི་ལ་བྲོས་བྱོལ་ཕེབས་དགོས་བྱུང་བ་རེད།
            ཕྱི་ལོ་ ༢༠༠༠ ལོར་ས་གནས་གཞུང་གིས་༸གོང་ས་མཆོག་གི་སྐུ་པར་སྒྲིག་གཤོམ་མི་ཆོག་པ་དང་། རྒྱ་གཞུང་གི་ངོས་འཛིན་བྱས་པའི་༸པཎ་ཆེན་རིན་པོ་ཆེ་ངོས་ལེན་གྱི་མཛུབ་ཐེལ་རྒྱག་དགོས་པའི་བཙན་བཀའ་བཏང་བར་རིན་པོ་ཆེས་ངོས་ལེན་མ་གནང་པའི་རྐྱེན་གྱིས་འཇུ་བཟུང་བྱེད་ཉེན་ཡོད་སྐབས་ཡང་བསྐྱར་རིན་པོ་ཆེ་རི་ལ་བྲོས་བྱོལ་ཐེངས་གཉིས་པ་ཕེབས་དགོས་བྱུང་པ་རེད།
            ཕྱི་ལོ་ ༢༠༠༢ ཟླ་ ཚེས་ ཉིན་ཆུ་ཚོད་ ༡༢།༡༠ ཙམ་ལ་ཁྲིན་ཏུའུ་གྲོང་ཁྱེར་ནང་འབར་རྫས་གས་འཐོར་གྱི་དོན་རྐྱེན་བྱུང་སྟེ་ཆུ་ཚོད་ ༡༠ ཡི་རྗེས་ཏེ་ཚེས་ ཉིན་བོད་མི་བློ་བཟང་དོན་འགྲུབ་འཇུ་བཟུང་བྱས་པ་དང་། ཚེས་ གྱི་མཚན་མོའི་ཆུ་ཚོད་ ༡༢ སྟེང་ཞིང་ཆེན་དང་། རང་སྐྱོང་ཁུལ། རྫོང་བཅས་དམག་མི་མང་པོས་རིན་པོ་ཆེའི་གཟིམ་ཤག་གི་མཐའ་བསྐོར་ཅིང་། རིན་པོ་ཆེ་དང་སྐུ་འཁོར་སོགས་ཡོད་ཚད་འཇུ་བཟུང་བཙོན་འཇུག་བྱས།           
 ལོ་དེའི་ཟླ་ ༡༢ ཚེས་ ཉིན་དར་རྩེ་མདོ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བས་རིན་པོ་ཆེ་ལ། གོང་བརྗོད་འབར་རྫས་གས་འཐོར་དང་མེས་རྒྱལ་ཁ་བྲལ་གཏོང་རྒྱུའི་ངན་སྐུལ་བྱས་པ་སོགས་ཀྱི་བསྙོན་འཛུགས་སྣ་ཚོགས་བྱས་ཏེ། ཁོང་གི་སློབ་མ་བློ་བཟང་དོན་འགྲུབ་ལ་འཕྲལ་དུ་སྲོག་ཐོག་གཏོང་རྒྱུ་དང་། རིན་པོ་ཆེ་ལ་ལོ་གཉིས་ནར་འགྱངས་ཀྱིས་སྲོག་ཁྲིམས་གཅོད་རྒྱུའི་བསམ་ཡུལ་ས་འདས་པའི་ཁྲིམས་ཐག་བཅད། དེར་བརྟེན་རིན་པོ་ཆེའི་གཉེན་ཚན་དང་ཉེ་འབྲེལ་ཁག་གཅིག་གིས། དྲང་བདེན་མིན་པའི་ཁྲིམས་ཆད་དེ་ཁྲིམས་ཁང་གོང་མར་གཏུགས་བཤེར་བྱས་ཀྱང་གོང་གཏུགས་ཕྱིར་སློག་བྱས་པ་དང་། སྐབས་དེ་དག་དང་བསྟུན་ནས་འདི་གའི་གཞུང་འབྲེལ་མིན་པའི་ཚོགས་པ་སྐྱིད་སྡུག་ཁག་གིས་ཀྱང་མཚན་རྟགས་བསྡུ་རུབ་དང་། སྐད་འབོད། མར་མེའི་ཁྲོམ་སྐོར་གྱིས་རྒྱལ་སྤྱིར་གཏུགས་བཤེར་སྣ་ཚོགས་ཚོགས་བྱས་ཡོད

            ཕྱི་ལོ་ ༢༠༠༣ ཟླ་ ཚེས་ ༢༦ ཉིན་སི་ཁྲོན་ཞིང་ཆེན་མཐོ་རིམ་ཁྲིམས་ཁང་ཟེར་བས། དཀར་མཛེས་འབྲིང་རིམ་ཁྲིམས་ཁང་ཟེར་བའི་ཁྲིམས་ཆད་གཞིར་བཞག་སྟེ་བློ་བཟང་དོན་འགྲུབ་སྲོག་ཐོག་བཏང་།
            ཕྱི་ལོ་ ༢༠༠༥ ཟླ་ ཚེས་ ༢༤ ཉིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེར་སྲོག་ཁྲིམས་བཅད་པ་དེ་ཚེ་བཙོན་ལ་བསྒྱུར་བ་དང་། དེ་ཡང་། རྒྱ་ནག་གི་རྩོམ་པ་པོ་གྲགས་ཅན་ཝང་ལི་ཞོན་གྱིས་རྒྱ་ནག་གི་ཁྲིམས་རྩོད་པ་ཀྲང་སི་ཀྲི་ (Zhang Sizhi) ལ་འབྲེལ་བ་བྱས་པར། དང་པོར་རྒྱ་ནག་གིས་རིན་པོ་ཆེའི་སྐོར་གྱི་ཡིག་ཆ་ཚང་མར་ལྟ་རྒྱུར་ངོས་ལེན་བྱས་ཡོད་ཀྱང་། གློ་བུར་དུ་འགྱུར་བ་བཏང་སྟེ་ཁོང་ལ་ཁྲིམས་རྩོད་བྱེད་མ་བཅུག་པར། ཐ་མར་ཕྱི་ལོ་ ༢༠༠༣ ཟླ་ ཚེས་ ཉིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱིས་ཁྲིམས་རྩོད་པ་ཞིག་གླས་སོང་ཟེར་ནས་སྔོན་མའི་ཁྲིམས་ཐག་རང་ལ་བཞག་ཡོད་པ་དང་། བློ་བཟང་དོན་གྲུབ་སྲོག་ཐོག་བཏང་ནས་དཔང་རྟགས་གཅིག་ཀྱང་མེད་པར་བཟོས་པ་རེད། དེའི་སྐབས་ལ་ཀྲང་སི་ཀྲི་གཙོས་བའི་ཝང་ལི་ཞོན་སོགས་རྒྱ་མི་ཤེས་ཡོན་ཅན་མི་ ༢༤ ཡིས་མཚན་རྟགས་བརྒྱབ་སྟེ་རྒྱ་ནག་མི་དམངས་འཐུས་མི་ཚོགས་ཆེན་དང་ཆེས་མཐོའི་མི་དམངས་ཁྲིམས་ཁང་ལ་དོན་ཚན་གསུམ་ཅན་གྱི་ཡི་གེ་ཞིག་བཏང་ཡོད་ཀྱང་དེར་རྒྱ་གཞུང་གིས་ཁས་ལེན་བྱས་མེད།
            རིན་པོ་ཆེ་བཙོན་འཇུག་བྱས་པ་ནས་བཟུང་ནང་མི་སྤུན་མཆེད་ཚོས་ཐུག་འཕྲད་ཐེངས་དྲུག་ལྷག་ཙམ་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༣ ཟླ་ ༡༡ ཚེས་ ཉིན་ཐུག་འཕྲད་འགྲོ་མཁན་རིམ་པས་ཤེས་རྟོགས་བྱུང་བ་ལྟར། རིན་པོ་ཆེ་ལ་སྙིང་གི་ན་ཚ་ཕོག་ཡོད་སྟབས། གློ་བུར་དུ་དྲན་མེད་བརྒྱལ་སོང་བའི་སྐོར་སོགས་རིན་པོ་ཆེ་ཉིད་དང་རྒྱ་གཞུང་གིས་ལས་བྱེད་ཚོས་ཀྱང་བརྗོད་ཡོད། ད་དུང་ཞབས་གཉིས་ཀྱང་འཐེང་པོ་ཆགས་ཡོད་འདུག་པ་དང་། ཐུག་འཕྲད་པ་ཚོས་རིན་པོ་ཆེ་དང་ཁ་གྱེས་སྐབས། རིན་པོ་ཆེ་རྟག་ཏུ་རྐུབ་སྟེགས་ཐོག་ཕེབས་དགོས་པའི་གནས་ཚུལ་ཤེས་རྟོགས་བྱུང་ཡོད།
           
དབུས་བོད་མིའི་སྒྲིག་འཛུགས་དང་རྒྱལ་སྤྱིའི་སྲིད་གཞུང་། ཚོགས་སྡེ་ཁག་སོགས་ཀྱིས་རིན་པོ་ཆེ་སྨན་བཅོས་ཀྱི་ཆེད་དུ་གློད་དཀྲོལ་ཡོང་བའི་རེ་སྐུལ་དང་ལས་འགུལ་སྣ་མང་སྤེལ་ཡང་། རྒྱ་གཞུང་གིས་མཁྲེགས་འཛིན་ཁོ་ནས་བཟང་ཕྱོགས་ཀྱི་འགྱུར་བ་གང་ཡང་བཏང་མེད།
            ཕྱི་ལོ་ ༢༠༡༥ ཟླ་ ཟླ་འགོར་ལི་ཐང་རྫོང་ས་གནས་སྲིད་ཁྲིམས་ལྷན་ཁང་གི་མི་སྣ་གསུམ་གྱིས། རིན་པོ་ཆེའི་གཅུང་མོ་བསོད་ནམས་བདེ་སྐྱིད་དང་སྒྲོལ་དཀར་ལྷ་མོ་གཉིས། རིན་པོ་ཆེ་ཐུག་འཕྲད་ལ་འགྲོ་ཆོག་ཅེས་འཁྲིད་ཡོད་རུང་། ཉིན་གྲངས་བཅུ་ལྷག་ཙམ་རིང་ཁྲིན་ཏུའུ་གྲོང་ཁྱེར་དུ་ཐུག་འཕྲད་ལ་བསྒུག་ནས་སྡོད་དགོས་བྱུང་།
ཟླ་འདིའི་ཚེས་ ༡༢ ཉིན་གྱི་སྔ་དྲོར་ཁྲིམས་སྲིད་ཁང་གི་མི་སྣ་ཚོས། གཅུང་མོ་གཉིས་ལ་རིན་པོ་ཆེ་དགོངས་པ་རྫོགས་ཡོད་སྐོར་བརྗོད་འདུག་ཀྱང་། དགོངས་པ་ཇི་ལྟར་རྫོགས་མིན་དང་ག་དུས་རྫོགས་མིན། རྐྱེན་དང་གནས་ཚུལ་གང་ཡང་འགྲེལ་བརྗོད་མ་བྱས་སྟབས་དོན་དངོས་ཤེས་རྟོགས་གསལ་པོ་ཐུབ་མེད་པར་མ་ཟད། རིན་པོ་ཆེ་ཁོང་གི་ནང་མི་གཙོས། དད་ལྡན་བུ་སློབ་རྣམས། རྒྱལ་སྤྱིའི་ཚོགས་སྡེ་ཁག འདི་ག་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་རེ་འདུན་ཞུས་དོན་ལྟར་བོད་ཀྱི་སྲོལ་རྒྱུན་སྐུ་གདུང་ཞུགས་འབུལ་བྱེད་པའི་ཆོ་གའང་བསྒྲུབ་བཅུག་མེད།
            ཕྱི་ཟླ་ ཚེས་ ༡༦ ཉིན་རྒྱ་ནག་གི་གྲོང་ཁྱེར་ཁྲིན་འདུ་དང་། དར་རྩེ་མདོ་གཉིས་བར་ཡོད་པའི་ལྕགས་ཟམ་ཁ་རུ། རྒྱ་ནག་གི་ཉེན་རྟོག་པས་འཆར་གཞི་ལྡན་པའི་ཐོག་ལམ་ཁར་སྒུག་ནས་སྤྲུལ་སྐུ་བསྟན་འཛིན་རིན་པོ་ཆེ་དམ་པའི་གདུང་ཐལ་ཕ་ཡུལ་ལ་གདན་འདྲེན་ཞུ་བཞིན་པ་འབྱོར་མཚམས་གདུང་ཐལ་ལྕགས་ཟམ་ཁའི་ཆུའི་ནང་གཏོར་རྒྱུ་ཡིན་ཚུལ་སོགས་བཤད་ནས་བཙན་འཕྲོག་བྱས་ཡོད་པ་དང་། རྗེས་སུ་ཚུར་སྤྲད་ཡོད་མེད་སོགས་ཀྱི་གནས་ཚུལ་ཤེས་རྟོགས་དཀའ་བའི་ཐོག་རིན་པོ་ཆེ་དམ་པ་དེ་ཉིད་ཀྱི་ན་བཟའ་ཡང་རྩིས་སྤྲད་མེད་པ་རེད།
           ཚེས་ ༡༧ ཉིན་རྒྱ་ནག་ཉེན་རྟོག་པས་འཇུ་བཟུང་བྱས་བའི་རིན་པོ་ཆེ་དམ་པའི་སྲིང་མོ་དང་། ཚ་མོ་གཉིས་ད་དུང་ཡང་གར་སོང་ཆ་མེད་དུ་གྱུར་ཅིང་། ཕྱི་ཚེས་ ༣༠ ཉིན་ཁོང་གཉིས་གློད་གྲོལ་བཏང་། ཚེས་ ༡༧ ནས་རིན་པོ་ཆེ་དམ་པའི་ཆེད་ཕ་ཡུལ་ལི་ཐང་ཉག་ཆུར་སེར་སྐྱ་མི་དམངས་ཀྱི་ཚོགས་བཞིན་པའི་འདས་མཆོད་ཀྱང་བཙན་ཤེད་ཀྱིས་མི་དམངས་ཚོ་ཁ་འཐོར་བཏང་སྟེ་རིན་པོ་ཆེ་མཆོག་གི་འདས་མཆོད་ཀྱང་སྒྲུབ་བཅུག་མེད་པ་རེད།
            སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ནི་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག་བཅས་ཉམས་པ་སླར་གསོ་དང་། མི་ཉམས་རྒྱུན་འཛིན་སྤེལ་མཁན་ཞིག་ཡིན་ནའང་། རྒྱ་གཞུང་གིས་ཁྲིན་འདུ་ཡི་འབར་གས་དོན་རྐྱེན་ཞིག་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་འོག་དུས་འགྱངས་སྲོག་ཐོག་གི་ཉེས་ཆད་ཚེ་བཙོན་དུ་བསྒྱུར་ཏེ། ལོ་ངོ་ ༡༣ རིང་བཙོན་བཅུག་བྱས་རྗེས་ཕྱི་ཚེས་ ༡༢ ཉིན་རིན་པོ་ཆེར་སྙིང་གི་ན་ཚས་རྐྱེན་བྱས་ཏེ་དགོངས་པ་རྫོགས་ཟིན་སྐོར་རྒྱ་གཞུང་གིས་གཟའ་འཁོར་གཅིག་ཙམ་ཕྱིན་རྗེས་ཕྱིར་བསྒྲགས་བྱས་ཡོད་པ་རེད། ཐུག་འཕྲད་ལ་འགྲོ་མཁན་ཚོས། "རིན་པོ་ཆེ་བོད་མི་ཚོ་དང་འཛམ་གླིང་མི་མང་གིས་དོ་སྣང་བྱ་ཡུལ་གྱི་མི་སྣ་ཤིན་ཏུ་གལ་ཆེན་ཞིག་ཡིན་པ་དང་། རིན་ཆེན་རི་ལྟར་སྤུངས་རུང་ཁོང་ལྟ་བུ་སྐྱེས་ཆེན་དམ་པ་ཞིག་ནམ་ཡང་རྙེད་ཐབས་མེད་པས། ངེས་པར་དུ་འདི་ཡིན་འདི་མིན་གྱི་ལན་གསལ་མེད་ན་ཕྱིར་ལོག་མི་བྱེད་སེམས་ཐག་ཡིན་" ཞེས། ཞུ་སྐུལ་ནན་པོ་བྱས་ཡོད་པ་དང་། རྒྱལ་སྤྱིའི་སྲིད་གཞུང་དང་གསར་འགྱུར་བརྒྱུད་ལམ་ཁག་གིས་ཀྱང་ཧ་ཅང་དོ་སྣང་ཆེན་པོ་བྱས་ཡོད། དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཀྱངད་ལྟའི་རྒྱ་ནག་སྲིད་གཞུང་གི་བྱེད་ཕྱོགས་འདི་ནི་རྒྱལ་སྤྱིའི་འགྲོ་བ་མིའི་བཟང་སྤྱོད་ཀྱི་གནས་ཚད་དང་ཡོངས་སུ་བརྒལ་བའི་བྱ་སྤྱོད་ཞིག་ལ་ངོས་འཛིན་དང་། བློ་ཕམ་ཚད་མེད་བྱུངཞེས་བརྗོད་ཡོད།
            ཕྱི་ཟླ་ ཚེས་ ༡༥ ཉིན་འདི་ག་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པའི་གོ་སྒྲིག་འོག ཕྱི་དྲོའི་ཆུ་ཚོད་༣།༥ སྟེང་། དྷ་སྟེང་ཉིན་མོའི་སློབ་གྲྭའི་ཚོགས་ཁང་དུ་<སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱའི་བཙོན་འོག་ཏུ་སྐུ་གཤེགས་པར་ན་ཟུག་དང་སེམས་གདུང་དྲགས་པོས་དཔྱད་གླེང་>ཞེས་པ་ཞིག་འཚོགས་ཡོད་པ་དང་། བསྒྲགས་གཏམ་དུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ནི་སྟོང་ལོ་གསར་བའི་ནང་རྒྱ་གཞུང་གིས་ཉེས་མེད་ཉེས་འགེལ་གྱི་ཁྲིམས་ཐག་བཅད་པའི་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ཐོག་མའི་གྲས་ཤིག་ཆགས་ཡོད་པ་མ་ཟད། ཁྲིམས་ཐག་ལྗིད་ཤོས་དང་། དུས་ཡུན་རིང་ཤོས། བཀའ་ཆད་ལྗིད་ཤོས་འཁུར་མཁན་གྱི་ངེས་མེད་ཀྱི་བཙོན་པ་ཞིག་ཀྱང་ཆགས་ཡོདཅེས་དང་།བོད་ཁུལ་སྤྱི་ཚོགས་ཁྱོན་ཡོངས་ནས་བརྩི་བཀུར་དང་དད་གུས་བྱེད་སའི་ཡང་རྩེར་སོན་པ་དང་ཁོང་གི་སློབ་གསོའི་ཤུགས་རྐྱེན་དང་ནུས་པར་བརྟེན་ཏེ། ས་གནས་བདེ་འཇགས་དང་མི་དམངས་མཐུན་ལམ། སྤྱི་ཚོགས་འཆམ་མཐུན་སོགས་ཀྱི་ཐད་ནུས་པ་ཆེན་པོ་ཐོན་ཡོད་སྟབས། རྒྱ་ནག་གཞུང་གི་བསམ་པར་སྤྲུལ་སྐུའི་མཚན་སྙན་དང་ནུས་པ་དེ་མུ་མཐུད་གནས་པ་ཡིན་ན། ནམ་ཞིག་རྒྱ་གཞུང་གི་མཚན་སྙན་དང་ནུས་པ་ཉམས་རྒུད་དུ་འགྲོ་རྒྱུར་དངངས་སྐྲག་དང་རྣམ་རྟོག་གིས་མ་བཟོད་པར། རྒྱ་གཞུང་གིས་རྩ་མེད་བཟོ་རྒྱུའི་ཐད་ལྐོག་ཇུས་བཤམས་སྟབས། འཛིན་བཟུང་བཙོན་འཇུག་དང་། ཁྲིམས་ཐག་བཅད་པ་ཚུན་ཆད་ཉེས་མེད་བཙན་འགེལ་བྱས་པ་དང་། ཁོང་སྐུ་གྲོངས་པ་དེ་ཡང་རྒྱུན་ལྡན་རང་བཞིན་གྱི་དགོངས་པ་རྫོགས་པ་མ་ཡིན་པར། རྒྱ་གཞུང་གིས་བསམ་བཞིན་དུ་སྐུ་བཀྲོངས་པར་ངོས་འཛིན་བྱེད་ཀྱི་ཡོདཅེས་འཁོད་ཡོད།
            ཉིན་དེའི་དཔྱད་གླེང་བ་རྣམ་རྒྱལ་གྲྭ་ཚང་གི་དཔེ་ཁྲིད་དགེ་རྒན་དང་སྤྲུལ་སྐུ་ཁོང་གི་ཚ་བོ་དགེ་བཤེས་ཉི་མ་ལགས་ཀྱིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་སྐུ་ཚེའི་མཛད་རྗེས་སོགས་ཁམས་ལི་ཐང་ཁུལ་དུ་ཁོང་གིས་དགོན་སྡེ་ཉམས་གསོ་དང་། སློབ་གྲྭ་གསར་འཛུགས། དྭ་ཕྲུག་ཁང་གཉེར་སྐྱོང་ཇི་ལྟར་གནང་བའི་སྐོར་ལ་གསུང་བཤད་གནང་བ་དང་། ༸པཎ་ཆེན་རིན་པོ་ཆེ་བླ་བྲང་བཀྲ་ཤིས་འཁྱིལ་དུ་ཐོག་མར་ཕེབས་སྐབས། རིན་པོ་ཆེ་མཆོག་མཇལ་ཁ་བཅར་ཏེ་རིག་གནས་གསར་བརྗེ་སྐབས་ཀྱི་གནས་ཚུལ་ཆ་ཚང་པཎ་ཆེན་རིན་པོ་ཆེར་ཞུས་ཡོད་པ་དང་། པཎ་ཆེན་རིན་པོ་ཆེ་མཆོག་གིས་ཀྱང་རིག་གནས་གསར་བརྗེ་སྐབས་བོད་ས་ཡོངས་ཀྱིས་དཀའ་སྡུག་ཚད་མེད་མྱངས་པ་རེད། ང་ཡང་བཙོན་ཁང་དུ་བཅུག་ནས་ལྕགས་ཀྱིས་བརྡུངས་ནས་འདི་འདྲ་བྱས་སོང་ཞེས་སྐུ་གཟུགས་ཀྱི་སྟེང་གི་རྨ་ཁ་རྣམས་བསྟན་སོང་ཞེས་གསུང་གི་འདུག ཡིན་ན་ཡང་ད་ལྟ་སྔོན་མ་དང་འདྲ་བ་མ་རེད། མ་འོངས་པར་སོ་སོའི་ལུང་པར་ཆོས་སྒོ་འབྱེད་རྒྱུ་དང་ཆོས་ལུགས་བྱེད་རྒྱུ་སོགས་ལ་རྒྱལ་ཁབ་ཀྱིས་རྩ་ཁྲིམས་གཏན་ཁེལ་བྱས་ཡོད་པ་རེད། དེའི་ཐད་མུ་མཐུད་དུ་ཤུགས་རྒྱོབས་ཤོག་ཅེས་ནས་བཀའ་གནང་ཡོད་སྟབས། རིན་པོ་ཆེ་ཁོང་ལི་ཐང་ལ་ཚུར་ཕེབས་ནས་ཆོས་སྒོ་འབྱེད་དགོས་པ་དང་། རིག་གནས་གསར་བརྗེ་སྐབས་ཞྭ་མོ་གཡོག་ཡོད་པ་དེ་ཚོ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱིས་དཀར་འདོན་བྱ་དགོས་པའི་དུས་ལ་བསླེབས་ཡོད་ཅེས་རྫོང་རིམ་པར་ཞུ་གཏུགས་མང་པོ་བྱས་ཏེ་རྒྱ་གཞུང་མགོ་ཁྲིད་ཚོར་ངོ་རྒོལ་བྱས་ཡོད་སྟབས། སྐབས་དེ་རིན་པོ་ཆེའི་མཚན་ལ་ཨ་ངག་བཀྲ་ཤིས་ཞུ་བཞིན་ཡོད་པ་དང་། མི་རྒན་གཞོན་སུ་ཡིན་རུང་ཁོང་ངོ་མི་ཤེས་མཁན་ཡོད་པ་མ་རེད་ཅེས་དང་།
            ཕྱི་ལོ་ ༡༩༨༠ ལོར་རྒྱ་ནག་གི་སྲིད་ཇུས་ཏོག་ཙམ་གུ་ཡངས་ཕྱིན་པ་དང་། དགོན་པ་བསྐྱར་གསོ་བྱེད་རྒྱུ་མགོ་མ་བཙུགས་པའི་སྔོན་ཏག་ཏག་ལ། གལ་སྲིད་དགོན་པ་བསྐྱར་གསོ་བྱས་པ་ཡིན་ན་དགོན་པའི་ནང་སྡོད་མཁན་གྱི་གྲྭ་བ་དགོས་པར་རིན་པོ་ཆེས་དགོངས་པ་བཞེས་ཏེ་ལི་ཐང་དགོན་གྱི་གྲྭ་བ་རྒན་པ་དེ་ཚོ་རུབ་རུབ་བྱས་ནས་གྲྭ་བ་ཚོར་དགེ་ཚུལ་སྒྲུབ་མགོ་བཙུགས་པ་དང་། དགེ་ཚུལ་སྒྲུབ་སྐབས་རེ་རེར་གྲྭ་བ་ ༡༣༠ ཡས་མས་བསྒྲུབས་ཡོད་པ་རེད། ༡༩༨༡ ལོའི་བོད་ཟླ་༤བའི་ནང་ལི་ཐང་ལ་ཆོས་སྒོ་འབྱེད་སྐབས་རིན་པོ་ཆེ་མཆོག་གིས་དམིགས་བསལ་འགན་དེ་འདྲ་འཁུར་མེད་ཀྱང་སྔོན་མ་ཞུ་གཏུགས་རིམ་པར་བྱས་པར་བརྟེན་ཏེ་རིན་པོ་ཆེ་འཛིན་བཟུང་བྱ་རྒྱུའི་འཆར་གཞི་ཡོད་སྟབས། རིན་པོ་ཆེ་མཆོག་ཐོག་མར་ཕྱི་ལོ་ ༡༩༨༢ ལོར་ཆོས་ཐོག་ཏུ་ཕེབས་པའི་བཟོ་བྱས་ནས་ལྷ་སར་ཕེབས་པ་དང་། དེ་ནས་གློ་སྨོན་ཐང་བརྒྱུད་ནས་རྒྱ་གར་ལ་ཕེབས་ཏེ་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཞུགས་ཞེས་སོགས་གསུངས།
            ཡང་། ཕྱི་ལོ་ ༡༩༨༧ ལོར་རིན་པོ་ཆེ་མཆོག་ཕྱིར་བོད་ནང་ཕེབས་ཏེ། ཕ་ཡུལ་གྱི་དགོན་གྲོང་གཉིས་སུ་ནང་ཆོས་སློབ་གཉེར་དང་། ཤེས་ཡོན་རིག་གནས་ཐོག་ཕྱག་ལས་གནང་མགོ་བཙུགས་པ་རེད། རིན་པོ་ཆེ་མཆོག་ལི་ཐང་དགོན་ཆེན་དུ་བཞུགས་རིང་། དགེ་འདུན་པ་ཚོར་དོལ་རྒྱལ་བསྟེན་ན་ཡག་པོ་མེད་པའི་སྐོར་ལ་བཀའ་སློབ་དང་ཕྱག་ལས་མང་པོ་ཞིག་གནང་བར་བརྟེན། རྒྱ་གཞུང་གི་སུན་གཙེ་ཡང་ཡང་བྱས་ཏེ། ཁོང་བཞུགས་མ་ཐུབ་པར་ཨོ་ཐོག་ཏུ་ཕེབས་ཡོད་པ་དང་། དེ་གར་ས་ཆ་ཅུང་ཆེ་ཙམ་བླངས་ཏེ་རིམ་པས་དགོན་པ་ཆུང་ཆུང་ཞིག་རྒྱག་རྒྱུའི་འཆར་གཞི་ཡོད་ཀྱང་། རྒྱ་ནག་གཞུང་གིས་དགོན་པ་རྒྱག་ཆོག་གི་མེད་པའི་བཙན་བཀའ་བཏང་ཡོད་སྟབས། རིན་པོ་ཆེ་དང་ངེད་གཉིས་རྒྱ་ནག་པེ་ཅིན་དུ་པཎ་ཆེན་རིན་པོ་ཆེར་མཇལ་བར་བསྐྱོད་པ་ཡིན། སྐབས་དེར་༸པཎ་ཆེན་རིན་པོ་ཆེ་མཆོག་གིས་ཁྱོད་རང་ངས་ངོ་གསལ་བོ་ཤེས་ཀྱི་ཡོད། ཁྱོད་རང་རྒྱ་གར་ནས་སློབ་སྦྱོང་བྱས་ཏེ་མི་སྡོད་པར་ཅིའི་ཕྱིར་བོད་ནང་ཕྱིར་ཡོང་བ་ཡིན་ཞེས་གསུངས་མྱོང་བ་དང་། དེ་ནས་རིན་པོ་ཆེ་མཆོག་གིས་ཕྱིར་བོད་ནང་ལོག་དགོས་པའི་རྒྱུ་མཚན་དང་། རྒྱ་ནག་གཞུང་གིས་ཨོ་ཐོག་ཏུ་དགོན་པ་རྒྱག་གི་མ་བཅུག་ཚུལ་སོགས་ཞུས་སྐབས། སོ་སོའི་ཆོས་དང་རིག་གཞུང་བསྐྱར་གསོ་གནང་བ་དེ་དཔེ་ཡག་པོ་རེད། ད་ལྟར་ཆོས་ལུགས་དད་མོས་རང་དབང་རེད། དགོན་པ་དང་སློབ་གྲྭ་རྒྱག་ཐུབ་ན་རྒྱག་དགོས་པ་རེད། ཅེས་གསུངས་ཏེ། ༸པཎ་ཆེན་རིན་པོ་ཆེ་ཡིས་དགོན་པའི་མཚན་ལ་ <ཁམས་ན་ལེནྡྲ་ཐེག་ཆེན་བྱང་ཆུབ་ཆོས་གླིང་> ཞེས་མཚན་གནང་སོང་། ད་དུང་དགོན་པར་རྟེན་སྐལ་དུ་པཎ་ཆེན་རིན་པོ་ཆེ་ཁོང་གི་སྐུ་པར་ཆེན་པོ་ཞིག་ཀྱང་གནང་སོང་།
            རིམ་གྱིས་དགོན་པ་དེ་ཡག་པོ་ཆགས་དུས་རྒྱ་གཞུང་གིས་དངོས་ཤུགས་རྒྱུ་གསུམ་ནས་གནོད་ཤུགས་སྤྲད་ཡོད་སྟབས། རིན་པོ་ཆེ་ཡིས་གྲྭ་བཙུན་མང་པོ་ཞིག་རྒྱ་གར་ལ་གཏོང་རྒྱུ་མགོ་བཙུགས་ཏེ། སྔ་ཕྱིར་གྲྭ་བཙུན་ཉིས་བརྒྱ་སུམ་བརྒྱ་ཞིག་བཏང་ཡོད་པ་རེད། ང་རང་ ༡༩༨༩ ལོར་བཏང་པ་རེད། དེའི་རྗེས་ ༡༩༩༠ ལོ་དང་ ༡༩༩༡ ལོར་གྲྭ་བཙུན་གསུམ་བརྒྱ་ཙམ་དང་བཙུན་མ་ ༥༠ ཙམ་བཏང་ཡོད་པ་རེད། ད་ལྟའི་བར་དུ་རིན་པོ་ཆེ་ཡིས་བཏང་བའི་གྲྭ་བའི་ནང་ལ་དགེ་བཤེས་ལྷ་རིམ་པ་རྐྱང་རྐྱང་  ༥༠ ལྷག་ཡོད་པ་རེད། དེ་བཞིན། སྔོན་ཆད་ལི་ཐང་དུ་བཙུན་དགོན་མེད་སྟབས།  ལི་ཐང་དུ་བཙུན་དགོན་གསར་བཞེངས་བྱས་ཡོད་པ་དང་། ཕྱི་ལོ་ ༢༠༡༣ ལོར་ང་བོད་ལ་ཕྱིན་སྐབས་བཙུན་དགོན་དེའི་ནང་བཙུན་མ་ ༧༢  ཡོད་གསུང་གི་འདུག བཙུན་དགོན་དེའི་ནང་ལ་མཚན་ཉིད་དང་རིག་གནས། རྒྱ་ཡིག་སོགས་སྦྱོང་རྒྱུ་ཡོད་པ་རེད་ཅེས་སོགས་གསུངས།
            གཞན་ཡང་ཁོང་གིས། ཕྱི་ལོ་༢༠༡༥ ཟླ་ ཚེས་ ཉིན་ལི་ཐང་རྫོང་ཁྲིམས་སྲིད་ལྷན་ཁང་གི་འབྲེལ་ཡོད་མི་སྣ་གསུམ་བསླེབས་ནས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་སྐོར་ལ་གནས་ཚུལ་འདུག་ཟེར་ནས་ནང་མིར་བརྡ་བརྒྱབས་པས་རིན་པོ་ཆེའི་སྐུ་སྲིང་བསོད་ནམས་བདེ་སྐྱིད་དང་། སྒྲོལ་དཀར་ལྷ་མོ་གཉིས་ཁྲིན་ཏུའུ་ལ་ཕྱིན་ཡོད་པ་དང་། ཁོང་གཉིས་ལ་སྐད་ཆ་འདྲ་མིན་བཤད་དེ་ཉིན་བཅུའི་རིང་ནར་འགྱངས་ཀྱིས་ངང་སྒུག་བྱེད་བཅུག
            མཐར། ཕྱི་ཚེས་ ༡༢ ཉིན་གྱི་བོད་ནང་གི་དགོང་མོ་ཆུ་ཚོད་ ༡༠ སྟེང་། ལི་ཐང་རྫོང་ཁྲིམས་སྲིད་ལྷན་ཁང་གི་མི་སྣ་ཚོར་ཐུག་འཕྲད་སྐབས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་སྐུ་གྲོངས་ཟིན་སྐོར་བརྗོད་ཡོད་འདུག དེར་བརྟེན། ཁྲིན་ཏུ་གྲོང་ཁྱེར་དུ་ཡོད་པའི་ཕ་ཡུལ་ཕྱོགས་ཀྱི་བོད་མི་དང་། ཕ་ཡུལ་གྱི་མི་མང་གིས་གནས་ཚུལ་དེ་ཐོས་རྗེས་ས་གནས་དད་ལྡན་སྐྱ་སེར་མང་ཚོགས་མང་པོ་ཨོ་ཐོག་དགོན་པར་(རིན་པོ་ཆེ་ཁོང་གི་དེ་སྔའི་བཞུགས་དགོན)ཕེབས་ཏེ། མྱང་ངན་དང་མཆོད་འབུལ་སོགས་བྱས་ཡོད་པ་དང་།   ས་གནས་མང་ཚོགས་རྣམས་ཐང་དཀར་མ་ཟེར་བའི་ས་ཆ་ཡོད་པའི་ཞང་སྲིད་གཞུང་དུ་བསྐྱོད་ནས། རིན་པོ་ཆེའི་སྐུ་གྲོངས་རྐྱེན་སྐོར་རྒྱ་གཞུང་གིས་གསལ་བཤད་དང་། ཁོང་གི་སྐུ་ཕུང་ཕྱིར་ནང་མིར་རྩིས་སྤྲོད་ཀྱི་དགོས་འདུན་བཏོན་ཏེ་ཞི་བའི་ངོ་རྒོལ་བྱས་པར། རྒྱ་གཞུང་གིས་མང་ཚོགས་ཐོག་མེ་མདའ་བརྒྱབ་སྟེ་དྲག་གནོན་བྱས་ཡོད་སྐོར་འདུག ཡིན་ནའང་། ཉེ་བའི་ཉིན་ཉི་ཤུ་ཙམ་གྱི་དཀར་མཛེས་ཁུལ་གྱི་ཁོངས་སུ་དྲ་རྒྱ་བཀག་སྡོམ་བྱས་ཡོད་སྟབས་གནས་ཚུལ་གསལ་བོ་ཤེས་རྟོགས་ཐུབ་ཀྱི་མི་འདུག ད་ལྟའི་ཆར་རྒྱ་གཞུང་གིས་ལི་ཐང་རྫོང་དང་ཉག་ཆུ་རྫོང་བར་གྱི་གཞུང་ལམ་ཁག་བཀག་སྟེ་མང་ཚོགས་ཀྱི་འགྲོ་བསྐྱོད་ལ་བཀག་སྡོམ་ནན་མོ་བྱེད་བཞིན་ཡོད་འདུག་ཅེས་གསུངས།
            ཉིན་དེའི་དཔྱད་གླེང་བ་བོད་མི་མང་སྤྱི་འཐུས་འབའ་པ་སྐལ་བཟང་རྒྱན་མཚན་ལགས་ཀྱིས་རྒྱ་ནག་གཞུང་གིས་ཁོང་ལ་ཉེས་མེད་ཉེས་འཛུགས་བྱས་པའི་གྱོད་གཞི་དེའི་གོ་རིམ་དང་། གྱོད་དོན་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཙམ་མ་ཟད། ཐ་ན་རྒྱ་ནག་ནང་ཁུལ་གྱི་སྙན་གྲགས་ཆེ་བའི་ཁྲིམས་རྩོད་པ་དང་། རྩོམ་པ་པོ་ཚོས་མང་མོས་ཀྱིས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་དང་། རིན་པོ་ཆེ་ཁོང་གི་གྱོད་གཞིར་དག་འབུད་བྱེད་པའི་ཁྲིམས་རྩོད་ཀྱི་བྱ་བའི་འགན་ཁུར་དང་ལེན་བྱེད་མཁན་བྱུང་པའི་གནས་ཚུལ་ངོ་སྤྲོད་གནང་། 
            ཉིན་དེའི་དཔྱད་གླེང་པ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་ཚེ་རིང་མཚོ་མོ་ ལགས་ཀྱིས་འདི་ག་ལྟེ་གནས་ཁང་གི་ངོས་ནས་རིན་པོ་ཆེ་བཙོན་འོག་ཏུ་རྐྱེན་འདས་སུ་བཏང་བར་བློ་ཕམ་ཚད་མེད་དང་། ཁོང་གི་སྐུ་ཕུང་ནང་མིར་རྩིས་སྤྲོད་ཀྱིས་བོད་པའི་སྲོལ་རྒྱུན་ལས་སྐུ་ཕུངས་ཞུགས་འབུལ་དང་། ནང་མི་དང་བོད་རིགས་དད་ལྡན་མང་ཚོགས་ལ་མཆོད་འབོད་བསྔོ་སྨོན་བསྒྲུབ་རྒྱུའི་ཐོབ་ཐང་སྤྲོད་དགོས་པའི་འབོད་སྐུལ་ནན་མོ་བྱེད་ཀྱིན་ཡོད་ཅེས་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་གནད་དོན་དང་འབྲེལ་བའི་ཐོག་ནས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་དང་། རྒྱལ་སྤྱིའི་ཁྲིམས་ལུགས་ཀྱི་ཐོག་ནས་གཏན་འབེབས་བྱས་པའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་གཉིས་བསྡུར་བ་བཏང་ནས་ངོ་སྤྲོད་གནང་ཡོད།
            གཞན་ཡང་། འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཁང་གཙོས་གཞུང་འབྲེལ་ཡིན་མིན་གྱི་ཚོགས་པ་མང་དག་ཅིག་གིས་རིན་པོ་ཆེ་ཁོང་སྨན་བཅོས་ཆེད་གང་མྱུར་གློད་གྲོལ་དགོས་པའི་འབོད་སྐུལ་རིམ་པར་བྱས་ཡོད། ཡིན་ནའང་། རྒྱ་གཞུང་གིས་ས་གནས་མང་ཚོགས་དང་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་འབོད་སྐུལ་སྣང་དུ་གཡུགས་ཏེ། རིན་པོ་ཆེ་ཁོང་ལ་དགོས་ངེས་ཀྱི་སྨན་བཅོས་མཐུན་སྦྱོར་དང་བཙོན་པ་སྤྱི་མཚུངས་ལྟར་ཚུལ་མཐུན་ལྟ་སྐྱོང་མ་བྱས་པར། མི་སྤྱོད་ལས་འདས་པའི་སྡུག་སྦྱོང་མནར་གཅོད་ཚད་མེད་འོག་རྐྱེན་འདས་སུ་བཏང་བ་ཞིག་ཆགས་ཡོད། རྒྱ་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་གཙོས་བོད་མི་བཙོན་པ་རྣམས་ལ། བཙོན་ཁང་ནང་བསམ་བཞིན་སྡུག་སྦྱོང་མནར་གཅོད་བཏང་སྟེ། དམར་གསོད་གཏོང་བཞིན་པའི་ཛ་དྲག་གནས་སྟངས་ཐད་སྐྱོན་བརྗོད་དྲག་པོ་བྱེད་བཞིན་ཡོད་ཅེས་དང་།
རྒྱ་གཞུང་གིས་རིན་པོ་ཆེ་ཁོང་རྐྱེན་འདས་སུ་བཏང་བར་མ་ཟད། ད་དུང་ཁོང་གི་ནང་མི་དང་དད་ལྡན་བོད་རིགས་མང་ཚོགས་ཀྱི་སྟེང་ལ། མུ་མཐུད་ཁྲིམས་མེད་ལུགས་མེད་ཀྱི་བྱ་སྤྱོད་རྒྱུ་མཚམས་འཇོག་གིས་རིན་པོ་ཆེ་ཁོང་འདས་རྐྱེན་གནས་ཚུལ་སྐོར་ས་གནས་བོད་རིགས་དད་ལྡན་མང་ཚོགས་དང་། རྒྱལ་སྤྱིའི་སྤྱི་ཚོགས་ལ་འགྲེལ་བརྗོད་ཁ་གསལ་ཞུ་དགོས་པ་དང་། དེ་བཞིན། རིན་པོ་ཆེ་ཁོང་གི་སྐུ་ཕུང་ནང་མིར་རྩིས་སྤྲོད་ཀྱིས་བོད་པའི་སྲོལ་རྒྱུན་ལྟར་སྐུ་ཕུང་ཞུགས་འབུལ་དང་བསྔོ་སྨོན་མཆོད་འབུལ་སོགས་བྱེད་འཇུག་དགོས་པའི་འབོད་སྐུལ་ནན་མོ་བྱས་ཡོད།
            འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་སྤྱིར་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ནི། རྒྱ་གཞུང་གིས་ཁྲིམས་མེད་ལུགས་མེད་ཀྱི་སྒོ་ནས་འཇུ་བཟུང་བཙོན་འཇུག་བྱས་པ་ཞིག་ཆགས། འདི་ག་ལྟེ་གནས་ཁང་གིས་ངོས་ནས་རིན་པོ་ཆེ་ཁོང་གིས་ཁྲིམས་འགལ་གྱི་ནག་ཉེས་གང་ཡང་བསགས་མེད་པར། རྒྱ་གཞུང་གིས་བོད་མིར་དྲག་གནོན་འཇིགས་སྐུལ་བྱ་ཆེད་ཁོ་ནར་དམིགས་ཏེ། རིན་པོ་ཆེ་མཆོག་ཉེས་མེད་འཇུ་བཟུང་གིས་བཙོན་འཇུག་ཁྲིམས་ཐག་བཅད་པའི་ཁྲིམས་འགལ་བྱ་སྤྱོད་ཅིག་ལ་ངོས་འཛིན་བྱེད་ཀྱིན་ཡོད། དེ་བཞིན། ས་གནས་བོད་རིགས་དད་ལྡན་སེར་སྐྱ་མང་ཚོགས་ཀྱི་ངོས་ནས་ཀྱང་། རིན་པོ་ཆེ་ཁོང་ལ་ནག་ཉེས་ཅི་ཡང་མེད་པའི་ས་རྟགས་ཁྲི་ ལྷག་བསྡུ་རུབ་ཀྱིས། རྒྱ་དམར་སྲིད་གཞུང་རིམ་པར་ཞུ་གཏུགས་སྙན་ཞུ་རིམ་པར་ཕུལ་ཏེ། རིན་པོ་ཆེ་ཁོང་གི་གྱོད་དོན་ལ་བསྐྱར་དུ་ཁྲིམས་བཤེར་གྱིས་ཉེས་པ་གང་ཡང་མེད་པ་གསལ་འདོན་གྱིས་གློད་གྲོལ་གཏོང་དགོས་པའི་རེ་སྐུལ་རིམ་པར་བྱས་ཡོད་པ་རེད། དེ་བཞིན། རིན་པོ་ཆེ་མཆོག་གིས་ཀྱང་ཁོང་ལ་ཉེས་འགེལ་བྱས་པའི་གནད་དོན་དེ། རྒྱ་ནག་དབུས་གཞུང་བར་དུ་ཞུ་འབུལ་གསལ་བོ་ཞིག་བྱེད་ཐུབ་པ་བྱུང་ཚེ་ཐག་གཅོད་ཡག་པོ་ཞིག་ཡོང་ཐུབ་པའི་རེ་བ་གནང་ཡོད་པ་རེད། ཡིན་ནའང་། རྒྱ་གཞུང་གིས་དངོས་ཡོད་གནས་ཚུལ་ཞིབ་འཇུག་གིས་བསྐྱར་དུ་ཁྲིམས་ཞིབ་བྱ་རྒྱུ་ལས་ལྡོག་སྟེ། ཞུ་གཏུགས་ཆེད་བསྐྱོད་མཁན་ནང་མི་ཉེ་འབྲེལ་ཚོའང་འདྲི་གཅོད་བཀག་ཉར་དང་ཆད་གཅོད་སོགས་བྱས་པར་མ་ཟད།
            ཕྱི་ལོ་ ༢༠༡༣ ཕྱི་ཟླ་ ༡༡ ཚེས་ ནས་ད་ལྟའི་ཕྱི་ལོ་ ༢༠༡༥ ཕྱི་ཟླ་ ཚེས་༡༢ བར་ནང་མི་གཅིག་ཀྱང་རིན་པོ་ཆེར་ཐུག་འཕྲད་བྱེད་བཅུག་མེད་པ་རེད། མདོར་ན། རྒྱ་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེར་ཉེས་འཛུགས་བཙོན་འཇུག་གིས། མཐར་ཁོང་བཙོན་ཁང་ནས་རྐྱེན་ལམ་དུ་བཏང་བའི་གནས་ཚུལ་མཐའ་དག་ནི། སྒེར་གཅོད་སྲིད་དབང་གི་སྟོབས་ཤུགས་སྤྱད་དེ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱིས་ཚེ་སྲོག་བཙན་འཕྲོག་བྱས་པ་ཞིག་ཆགས་ཡོད་ཅེས་འགྲེལ་བརྗོད་གནང་ཡོད།
            ཕྱི་ལོ་༢༠༡༥ཟླ་ ཚེས་ ༡༣ ཉིན་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དང་། དབུས་གཞོན་ནུ་ལྷན་ཚོགས། བུད་མེད་ལྷན་ཚོགས། རྒྱལ་ཡོངས་མང་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་རྒྱ་གཞུང་གི་བཙོན་ཁང་ནང་འདས་གྲོངས་སུ་སོང་བའི་ཡིད་སྐྱོའི་གནས་ཚུལ་བྱུང་བར་བོད་ཁྱིམ་ཉིན་མོའི་སློབ་གྲྭའི་ནང་མར་མེའི་ཁྲོམ་སྐོར་དང་མཆོད་འབུལ་སྨོན་ལམ་གྱི་ལས་འགུལ་གོ་སྒྲིག་བྱས།
            ཕྱི་ཟླ་ ཚེས་ ༡༨ ཉིན། སྔ་དྲོའི་ཆུ་ཚོད་ ༡༠།༠༠ སྟེང་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པ་དང་བོད་ཀྱི་གཞོན་ནུ་ལྷན་ཚོགས། བོད་ཀྱི་བུད་མེད་ལྷན་ཚོགས། བོད་རྒྱལ་ཡོངས་དམངས་གཙོ་ཚོགས་པ། བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱི་གོ་སྒྲིག་འོག བཞུགས་སྒར་དྷ་རམ་ས་ལའི་གཙུག་ལག་ཁང་ནས་དྷ་ཤོད་ཀ་ཅ་རིལ་ཁྲིམས་ཁང་བར་གོམ་བགྲོད་སྐད་འབོད་ཀྱི་ལས་འགུལ་ཞིག་སྤེལ་ཡོད་ཅིང་། དེ་ནི་ཟླ་འདིའི་ཚེས་ ༡༢ ཉིན་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ཁྲིན་ཏུའུ་བཙོན་ཁང་ཞིག་ཏུ་སྐུ་བཀྲོངས་པར་མྱ་ངན་དང་ཁོང་གི་སྐུ་ཕུང་ནང་མིར་རྩིས་སྤྲོད་དགོས་པ། ཁོང་གི་ཡུལ་མི་ཚོ་འཛིན་བཟུང་བཀག་བསྐྱེལ་བྱས་པ་མྱུར་དུ་གློད་གྲོལ་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད་པ་དང་། གཞུང་འབྲེལ་མིན་པའི་ཚོགས་པ་ལྔའི་བསྒྲགས་གཏམ་དུ་འཁོད་དོན།ང་ཚོས་བོད་ཀྱི་ཆབ་སྲིད་བཙོན་པ་དང་བོད་རྒྱུད་ནང་བསྟན་གྱི་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་མཆོག་ཁྲིན་ཏུའུ་བཙོན་ཁང་དུ་ ༢༠༡༥ ལོའི་ཟླ་  ཚེས་ ༡༢ ཉིན་སྐུ་བཀྲོངས་པ་ཤེས་རྟོགས་བྱུང་། ད་ལྟ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆོའི་ནང་མི་སྐུ་འཁོར་ནས་རིན་པོའི་སྐུ་ཕུང་ནང་མིར་རྩིས་སྤྲོད་དགོས་པའི་རེ་འདུན་ཞུ་བཞིན་འདུག མི་ལོ་ ༡༣ རིང་རིན་པོ་ཆེ་མཆོག་ལ་མ་ཉེས་ཁ་གཡོག་གི་བཙོན་འཇུག་འོག ཁོང་གི་སྐུ་གཟུགས་གི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་ཡོད་ནའང་། ཁོང་ལ་སྨན་བཅོས་ཀྱི་མཐུན་རྐྱེན་གང་ཡང་སྤྲད་མེད། ཕྱི་ལོ་ ༢༠༠༤ ལོར་ཁོང་གི་ནང་མིས་རྒྱ་ནག་གཞུང་ལ་ཁོང་སྨན་བཅོས་ཀྱི་མིང་ཐོག་ནས་གློད་གྲོལ་དགོས་པའི་སྙན་ཞུ་ཕུལ་ཡང་རྒྱ་གཞུང་གིས་དང་ལེན་བྱས་མེད།ཅེས་དང་།ཕྱི་ལོ་ ༢༠༠༢ ལོའི་ཟླ་ ཚེས་ ཉིན་རྒྱ་ནག་གཞུང་གིས་རིན་པོ་ཆེ་ཁོང་འཛིན་བཟུང་བྱས་པ་དང་། ཕྱི་ལོ་ ༢༠༠༢ ལོའི་ཟླ ༡༢ ནང་ཁོང་ལ་རྒྱལ་ཁབ་ཁ་བྲལ་དང་འཇིགས་སྐུལ་རིང་ལུགས་པའི་ནག་ཉེས་བཀལ་ཏེ་སྲོག་ཐོག་ཁྲིམས་ཆད་བཅད་པ་རེད། དེའི་རིང་ཁོང་ལ་ནང་མི་ཚོས་འདམ་ག་བྱས་པའི་ཁྲིམས་རྩོད་པ་མ་རེག་པ་མ་ཟད། ཁོང་གི་གྱོད་དོན་དང་འབྲེལ་བའི་ཡིག་ཆ་ད་བར་ཕྱི་ལ་ཁྱབ་བསྒྲགས་བྱས་མེད། རྗེས་སུ་རྒྱལ་སྤྱིའི་སྟེང་ཁོང་ལ་རྣམ་པ་འདྲ་མིན་གྱི་ལས་འགུལ་སྣ་ཚོགས་སྤེལ་བའི་དབང་གིས། ཕྱི་ལོ་ ༢༠༠༤ ལོའི་ཟླ་ པོར་ཁོང་ལ་སྲོག་ཁྲིམས་ནས་ཚེ་བཙོན་དུ་འགྱུར་བ་བཏང་བ་རེད། ད་བར་ཁོང་གིས་བཙོན་ཁང་ནང་རང་ཉིད་ལ་ནག་ཉེས་གང་ཡང་མེད་པ་དག་འབུད་བྱས་ཡོད།ཅེས་དང་།
            ཡང་།བོད་མི་རྒྱ་ཕྲག་མང་པོས་རིན་པོ་ཆེ་མཆོག་གི་སྐུ་ཕུང་ནང་མིར་རྩིས་སྤྲོད་དགོས་པའི་འབོད་སྐུལ་རིམ་པར་ཞུས་ཏེ། ནང་པའི་ཆོས་ལུགས་ཀྱི་འགྲོ་ལུགས་ལྟར་ཆོ་ག་སྒྲུབ་རྒྱུའི་རེ་འདུན་བཏོན་ཡང་། རྒྱ་ནག་གཞུང་གིས་ཁས་མ་བླངས་པ་མ་ཟད། དེ་ལས་ལྡོག་སྟེ་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་ཁྲང་ཏུང་བཙོན་ཁང་ནས་ལེ་དབར་༥ཡི་སར་ཡོད་པའི་རྒྱ་གཞུང་གི་བཙོན་ཁང་ཞིག་ནང་ཁོ་ཚོར་བཙན་ཤེད་ཀྱིས་འཇིགས་སྣང་བསླངས་ཡོད།ཅེས་དང་།
ས་གནས་ས་ཐོག་གི་བོད་མི་བརྒྱ་ཕྲག་མང་པོས་རིན་པོ་ཆེ་མཆོག་རྒྱ་ནག་གཞུང་གི་བཙོན་ཁང་ནང་སྐུ་བཀྲོངས་པའི་རྒྱུ་རྐྱེན་གང་ཡིན་ལན་འདེབས་ཁ་གསལ་དགོས་ཞེས་ཞི་རྒོལ་ཤུགས་ཆེར་བྱས་པར། རྒྱ་ནག་གཞུང་གིས་ཡང་དག་པའི་བརྡ་ལན་སྤྲོད་རྒྱུ་ལྟ་ཞོག དེ་ལས་ལྡོག་སྟེ་མི་མང་གི་ཁྲོད་དུ་གང་བྱུང་མེ་མདའ་བརྒྱབ་པ་དང་། འབར་མདེལ་སོགས་འཕངས་ནས་དྲག་གནོན་བྱས་ཤིང་། གནས་སྟངས་དེ་འདྲའི་འོག་མི་མང་པོར་རྨས་སྐྱོན་ཕོག་སྟེ་སྨན་ཁང་ནང་ལུས་ཡོད།ཅེས་དང་།
ནག་ཉེས་མེད་པའི་བོད་ཀྱི་སྤྲུལ་སྐུ་ཞིག་འདི་ལྟར་སྐུ་བཀྲོངས་པ་དེའི་ཐོག་ནས་བོད་ནང་གི་གནས་སྟངས་དེ་གདུག་རྩུབ་དང་སྔར་བཞིན་དྲག་གནོན་འོག་གནས་ཡོད་པ་མཚོན་པ་མ་ཟད། བོད་མིའི་རང་དབང་དང་དྲང་བདེན། ཐོབ་ཐང་བཅས་ཀྱི་དོན་དུ་འཐབ་རྩོད་བྱེད་མཁན་ཚོའི་མཐའ་མའི་ལས་དབང་ཇི་འདྲ་ཡོང་གི་ཡོད་པའི་མཚོན་རྟགས་ཀྱང་རེདཅེས་བརྗོད་ཡོད།
            གཞན་ཡང་། ཚོགས་པ་ལྔས་དགོས་འདུན་དོན་ཚན་ བཏོན་ཡོད་པ་ནི།
            གཅིག  འཛམ་གླིང་ས་གནས་གང་སར་སྡོད་པའི་བོད་མི་ཚོས་རྒྱ་གཞུང་གིས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་སྐུ་དཀྲོངས་པར་ལན་འདེབས་ཁ་གསལ་ཞིག་བྱེད་དུ་འཇུག་དགོས།
            གཉིས། བོད་མི་ཞི་རྒོལ་བ་ཚོར་དྲག་གནོན་བྱ་རྒྱུ་འཕྲལ་དུ་མཚམས་འཇོག་དགོས།
          གསུམ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་ངོས་ནས་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་གནད་དོན་ཐད་འགན་འཁུར་ལེན་དགོས། ང་ཚོའི་རེ་འདུན་འདི་ནི་འཛམ་གླིང་མི་མང་གིས་ད་ལྟའི་བོད་ནང་གི་མི་སྤྱོད་ལས་འདས་པའི་བྱ་སྤྱོད་དེ་དག་ལ་རྒོལ་གཏམ་གཏོང་དགོས་པ་མ་ཟད། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་སྐུ་དཀྲོངས་པའི་གནད་དོན་རང་དབང་གི་ཐོག་ནས་ཞིབ་འཇུག་བྱེད་དགོས་ཡོད་ཅེས་བཀོད་ཡོད།

No comments:

Post a Comment