Friday 16 October 2015

ཁ་ནང་ནས་ལྕེ་ཕྱུང་བ། འོས་སྦྱོར།

རྩོམ་པ་པོ་མི་ལ་ཙི་ཙི། 

ཉིན་རྒྱུན་འཚོ་བའི་ཁྲོད་བོད་སྐད་ནང་རྒྱ་སྐད་ཀྱི་ཤན་དང་སླད་ཀྱིས་སྦག་མཁན་ལ། འ་ཅག་མང་མང་གིས་འཕྱ་ཞིང་སྨོད་ལ། ཐ་ན་མངོམ་སུམ་དགག་མཁན་ཡང་ཡོད་པ་རེད། དེ་ནི་ཕ་སྐད་དག་གཙང་གི་ཁོར་ཡུག་ཅིག་ཆགས་ལ་ཀུན་པོར་འདུ་ཤེས་ཐུན་མོང་བ་ཞིག་གྲུབ་བཞིན་ཡོད་པའི་རྟགས་མིན་པ་ཡང་མ་རེད། འོན་ཏ། གལ་སྲིད་གཞན་གྱི་དྲག་པོའི་ལྟ་བཤེར་འོག ཁྱོད་ཀྱིས་བོད་ཡིག་བོད་སྐད་ལ་བྱང་ཆ་ཡོད་པའི་རང་གི་ནང་མི་ཞིག་ལ་རྒྱ་སྐད་ཀྱིས་གླེང་མོལ་བྱ་དགོས་ཚེ། གྲ་སྒྲིག་ཅི་ཡང་མེད་པའི་ཁྱོད་ལ་ག་འདྲའི་འཚུབ་ཆ་སྐྱེ་ཡོང་སྲིད། ... ... 

ཉིན་འགའི་སྔོན་ང་རང་ན་གོར་མོའི"ཚྭ་འདམ་ངལ་རྩོལ་བསྒྱུར་བཀོལ་ཁང"དུ་བཀག་ཉར་བྱས་ཡོད་པའི་ཤ་ཉེ་བཙོན་པ་ཞིག་ལ་བལྟ་བར་ཕྱིན། འགྲོ་ལུགས་ཚགས་སུ་ཆུད་རྗེས་ཤ་ཉེ་དེ་ཤེལ་རྩིག་གི་ཕ་རོལ་དུ་ཁྲིད་ཐོན། དེར་ཤེལ་རྩིག་གི་གཞོགས་གཉིས་ན་ཡོད་པའི་ཁ་པར་བླངས་ཏེ་ངེད་གཉིས་ཀྱིས་ཁ་བརྡ་བྱེད་མགོ་བརྩམས། འོན་ཀྱང་མཚམས་འདིར་སྲུང་དམག་གིས"ཁྱོད་ཚོས་སྤྱི་སྐད་ཀྱིས་མ་གཏོགས་ཁ་བརྡ་བྱ་མི་ཆོག"ཅེས་སྐད་བརྒྱབ་བྱུང་། སྤྱི་སྐད་དམ་མི་མང་ཆེ་ཤོས་ཀྱིས་བཀོལ་བའི་སྐད་ཆ་ཟེར་བ་ནི་འོ་མ་ཀ་རའི་ཤུན་པགས་ཤིག་རེད། དེའི་ཁུད་དུ་གཅུད་ཡོད་པ་ནི་འ་ཅག་གི་ཡུལ་མི་ཚོས་མི་འཇུ་བའི་རྒྱ་སྐད་ཀྱི་རྡེའུ་ཧྲུག་དག་ཡིན།

ཕྱིར་ཡོང་སྟེ་དྲ་ཐོག་ལསབཙོན་ཁང་ཁྲིམསཀྱི་འབྲེལ་ཡོད་ལེ་ཚན་གློང་དུས། དོན་དུ་བཙོན་པ་གྲངས་ཉུང་མི་རིགས་ཡིན་ཚེ་དེས་རང་གི་སྐད་ཀྱིས་ཡུལ་མི་དང་ཁ་བརྡ་བྱ་ཆོག་ཅེས་མངོན་སུམ་འཁོད་འདུག སྔོན་འགྲོ་ཞིག་བགྲང་ཡོད་པ་ནི་གན་དུ་གྲངས་ཉུང་མི་རིགས་དེའི་སྐད་བརྡ་འཕྲོད་པའི་ཉེན་རྟོག་པ་ཞིག་དགོས་པ་དེ་རེད།

དམིགས་བུའི་བསྒྱུར་རྩོམ་ཞིག་ན་འདི་ལྟའི་སྐད་བརྡ་དང་འབྲེལ་བའི་སྒྲུང་གཏམ་ཞིག་འཁོད་འདུག དེ་ཡང་སློབ་གྲྭར་ཞུགས་ནས་ཟླ་གཅིག་ལས་མ་འགོར་བའི་བུ་མོ་ཆུང་ཆུང་ཞིག རང་ཁྱིམ་ལས་ཐོན་ཏེ་སློབ་གྲྭར་འགྲོ་བའི་ལམ་ཁར། ཡིད་དུ་འོང་བའི་རྩེད་ཆས་བྱིས་པ་ཆུང་ཆུང་དེ་གློ་བུར་གཞན་གྱིས་ཕྲོགས། ཁོ་མོ་མི་དེའི་ཕུ་དུང་ལ་འཇུས་ནས། ཧེབ་རེ་སྐད་ཀྱིས(希伯来语)"ངའི་རྩེད་ཆས་སྟེར་རོགས" ཞེས་སྐད་བརྒྱབ་ཀྱང་། མི་དེས་ཁོ་མོའི་སྐད་ཆའི་ཧ་མ་གོ་བའི་ཚུལ་གྱིས"ཁྱོད་ཀྱིས་ཡི་ཏི་ཞི་སྐད(意第绪语)ཤོད་དང་། ངས་ཁྱོད་ལ་སྟེར་ཆོག" ཟེར། ཡིན་ནའང་། བུ་མོ་ཆུང་ཆུང་དེས་ཧེབ་རེ་སྐད་ཁོ་ན་ལས་ཡི་ཏི་ཞིའི་སྐད་ཆ་ཚིག་གཅིག་ཀྱང་བཤད་མ་སོང་། སྐབས་དེར་གཉེན་མི་དེ་དང་ངེད་གཉིས་ཀྱིས་བུ་མོ་ཆུང་ཆུང་དེ་ནང་བཞིན། དྲག་ཆས་སྤྲས་པའི་ཉེན་རྟོག་པ་དེའི་ཁར་མ་ཉན་པར་ཨུ་ཚུགས་ཀྱིས་བོད་སྐད་ལས་རྒྱ་སྐད་མི་ལབ་པ་ཡིན་ན། ངེད་གཉིས་ཀྱི"རྩེད་ཆས"ཕྱིར་རང་གི་ལག་ཏུ་ཡོང་ཐུབ་བམ། ཡང་ན་ངེད་གཉིས་ཕ་རོལ་པའི"རྩེད་ཆས"སུ་འགྱུར་འགྲོའམ། དོན་དུ་ང་ལ་ཧེབ་རེའི་སྐད་རྒྱག་པའི་བུ་མོ་དེའི་སྤོབས་པ་ཁྱོན་ནས་མི་འདུག དེ་ནི་དངོས་ནས་ཁ་སྐྱེངས་པ་ཞིག་རེད། ཡི་གེའི་ངོས་ནས་གྲི་བཤར་བཤར་མདུང་གསོར་གསོར་དཔའ་མདོག་ངར་ཚུགས་གཏོད་ཀྱང་། འགག་རྩར་བསླེབས་དུས་འདི་ལྟར་བག་ཏུ་འཁུམས་ཀྱིན་འདུག

ད་ནི་ག་རེ་བྱེད། ནང་མི་དང་རྒྱ་སྐད་ཀྱི་ཁ་ཏ་བྱེད་པའི་ཉམས་མྱོང་བདག་ལ་ཡེ་མེད་པས་རེ་ཞིག་ངག་ལྐུག་གེར་ལུས་སོང་། འོན་ཀྱང་དུས་ཚོད་ཕྱེད་ཀའི་ཁ་བརྡའི་གནང་བ་ཐག་ཐག་སྐར་ཆས་ཁྱུར་མིད་གཏོང་བཞིན་འདུག་པས། ང་རང་ཐབས་རྡུགས་ཏེ་རྒྱ་སྐད་དིག་པོའི་ལམ་ནས་ཁོ་ལ་ཁམས་འདྲི་དང་ཁྱིམ་གྱི་གནས་ཚུལ་དག་མགོ་ཆད་མཇུག་རྡུམ་གྱིས་བཤད། འོན་ཏེ་ངའི་ཚོར་སྣང་ཞིག་ལ། ངའི་ངག་ནས་གྲགས་ཀྱིན་པའི་སྐད་སྒྲ་དེ་ནི་ལྕགས་རྩིག་ཆུ་ཞེང་དཔག་ཚད་དུ་གབ་པ་ཞིག་གི་ཕ་རོལ་ནས་འཛུལ་འོང་བའི་ཆ་མེད་འདྲེ་ཡི་རྡབ་རྡུབ་ཅིག་དང་འདྲ།
རྒྱ་ནག་གི་རྩོམ་པ་པོ་ཀོ་ཞོ་ཀང(高小刚)ཟེར་བ་ཞིག་གིས བླ་གནས་ཀྱི་ཀ་རྟིང (《图腾柱下》)ཟེར་བའི་དཔེ་ཆ་རུ། "ཕ་སྐད་ལ་བྱང་ཆུབ་པའི་མི་ཞིག་གིས་ཡུལ་དུས་གང་ཞིག་ཏུ་གཞན་སྐད་ཀྱིས་ལབ་གླེང་བྱས་ཀྱང……། བསམ་གཞིག་གཏོང་སྐབས་གཞན་སྐད་ནས་ཕ་སྐད་ལ་བསྒྱུར་བའི་གོ་རིམ་ཞིག་ཅིས་ཀྱང་ཡོད"ཅེས་བྲིས་ཡོད་ཟེར། དེ་ནི་ངོ་མའི་བློར་འབབ་པའི་སྐད་ཆ་རེད། ནམ་རྒྱུན་རྒྱ་སྐད་ད་མ་དིག་བཤད་དུས་དངོས་ནས་ཐོལ་གྱིས་ངག་སྒོ་རུ་ཡོང་ཐུབ་པ་ཞིག་གཏན་མ་རེད། དེ་ཡང་ཚད་མ་རྣམ་འགྲེལ་ལས། "ཡི་གེ་ཀུན་སློང་ཤེས་པ་ལས། སྐྱེས་ལ་ཤེས་པས་སྒྲ་སྐྱེའོ།"ཟེར་བ་ལྟར། མཚོན་འདོད་པའི་ཀུན་སློང་དེ་ཐོག་མར་བོད་སྐད་བརྒྱུད་དེ་ཤེས་པར་འཆར་ལ། དེ་ནས་ད་གཟོད་སྒྱ་ཡིག་ཏུ་འཕོ་བསྒྱུར་བྱས་རྗེས། གཞི་ནས་བོང་བུས་རྟུ་ལི་གཏོང་བ་བཞིན་ངག་ནས་ཅལ་མ་ཅོལ་གྱིས་ཕྱི་ཚོར་ལྷུང་ཡོང་བ་དེ་རེད། དེ་བས་བརྡ་སྤྲོད་ཀྱང་བོད་ཡིག་ལྟར་ལུས་ཏེ་ཡོད། དཔེར་ན"我上班去"ང་ལས་ཚོགས་སུ་འགྲོ།"你喝酒来"ཁྱོད་ཆང་འཐུང་དུ་ཤོགལྟ་བུ་རེད། ཁོས་ད་དུང"སྐད་ཆ་རེ་རེའི་ནང་དུ་འཇིག་རྟེན་ལྟ་ཚུལ་ཁྱད་པར་བ་རེ་འདུས"ཞེས་ཀྱང་བྲིས་འདུག་ཟེར། དེ་ཡང་ཅིས་མི་བདེན། ཁམས་འདྲི་གཅིག་པོའི་སྟེང་ནས་ཀྱང་བོད་སྐད་དང་རྒྱ་སྐད་གཉིས་ལ་རྩ་བའི་ཆ་ནས་ཁྱད་པར་ཡོད། རྒྱ་ནག་པས་སྔོན་ལ"ཁྱོད་ཀྱིས་ཨེ་ཟས"ཟེར་ལ། བོད་ཀྱིས"ཁྱོད་བདེ་མོ"ཟེར། སྡིགས་དམོད་སྐབས་བོད་ཀྱིས"ཁྱོད་ཀྱི་ཨ་བ་ཨ་མ། ཤི་ཤི་ཡ་ཡ"ཟེར་ལ། རྒྱ་ནག་གིས"ཁྱོད་ཀྱི་ཨ་ནེའི་ཨོང་ཤ། ཨ་མའི་ཨོང་ཤ། ཨ་ཅེའི་ཨོང་ཤ"སོགས་ཨོང་ཤ་མང་པོ་སྒྱོག་རྡོ་རུ་འཕེན་ཡོང་། ཉེ་བའི་ཆར་རྒྱ་ནག་པེ་ཅིན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་པ་ཁོང་ཆིན་ཏུང(孔庆东)གིས་ཨ་མེ་ར་ཀར་སྡིགས་དམོད་རྒྱག་དུས་ཀྱང་འདི་ལྟའི་ཨོང་ཤ་གང་མང་བར་བཅུག་རི་མོར་བཀོད་འདུག་ལ། འདི་ནི་མི་རིགས་འདི་གཉིས་ཀྱི་འཇིག་རྟེན་ལྟ་ཚུལ་མ་འདྲ་བའི་རྐྱེན་ལས་ཅང་མ་རེད།

"བོད་སྐད་ནི་བོད་མི་རྣམས་ཀྱིས་རང་རང་གི་འདོད་དོན་མཐའ་དག་ཅི་དགར་མཚོན་བྱེད་ཅིག་ཡིན"རེབ་གོང་རྡོ་རྗེ་མཁར་གྱི་ཚིགཟེར། བདག་གིས་བལྟས་ན་ད་ཆ་སྤྱི་ཚོགས་ཁྲོད་བོད་སྐད་ཀྱིས་འུ་ཚོའི་འདོད་དོན་ཇི་བཞིན་དུ་མཚོན་ཐབས་མེད་པའི་དོན་ཇེ་མང་ནས་ཇེ་མང་རེད། དཔེར་ན་ལོ་རེའི་གཞུང་ཞབས་པའི་རྒྱུགས་ལེན་སྐབས། དཔེར་ན་ཁ་མཆུ་ཞིག་ཁྲིམས་ཁར་བགོ་དུས། དཔེར་ན་སོ་སྨན་མགོ་སྨན་ཙམ་གཅུད་དུས། དཔེར་ན་ངོ་སྣུམ་སོ་བཀྲི་ཙམ་ཉོ་དུས། བོད་སྐད་ལས་རྒྱ་སྐད་མི་ཤེས་པ་ཞིག་ལ་མཚོན་ན། སྤྱིན་གྱི་ནང་དུ་སྣུམ་ཐིག་ཅིག་ལྷུང་བ་བཞིན་ཧ་ཅང་འདྲེས་དཀའ་བར་གྱུར་ཡོད་པ་རེད། ད་ནི་བོད་ཀྱི་སློབ་གསོའི་སྐད་བརྡ་ཡང་རྒྱ་ཡིག་ཏུ་བསྒྱུར་རྩིས་ཡོད་པ་མིན་ནམ།

ཉེ་བའི་ཆར་གྲོགས་པོ་ཞིག་གིས་བཤད་ན། གསར་དུ་ཐོན་པའི་ཐེམ་ཆེན་རྫོང་གི་རྫོང་དཔོན་ཡང་ཡོང་ཀྲིག་ཟེར་བ་དེས་བོད་རིགས་ཡིན་པའི་སློབ་གསོ་བཅུས་བཅུས་ཀྲང་བོས་སོང་སྟེ།"ད་ནས་བོད་ཀྱི་སློབ་གྲྭའི་ནང་དུ་བོད་ཀྱི་དགེ་རྒན་མ་ལེན་དང་། རིམ་གྱིས་རྒྱ་ཡིག་གཙོ་བོ་དང་བོད་ཡིག་ཟུར་བ་ཡིན་པའི་སློབ་གསོའི་མ་ལག་ཚུགས་ཐུབ་ཡོང་། དེ་ལྟ་ན་རྗེས་ཕྱོགས་གཞུང་ཞབས་པར་རྒྱུགས་ལེན་དུས་ཀྱང་སླ་བོ་ཡིན"ཞེས་བཤད་སྐད། དེར་བོད་རིགས་བཅུས་ཀྲང་གིས་མི་འཐད་པའི་རྣམ་འགྱུར་སྟོན་དུས་ཁོས་མུ་མཐུད་དུ། "དེས་ན་བོད་ཡིག་དགེ་རྒན་རང་གི་ས་ཁུལ་ལམ། རྨ་ལྷོ་མཚོ་ལྷོ་སོགས་ནས་འཚོལ་མི་ཆོག ངེས་པར་མཚོ་ཤར་ས་ཁུལ་ནས་འཚོལ་དགོས"ཞེས་ཁྱི་རྒན་གྱིས་རྒྱུ་མ་རུལ་བ་ཕྱིར་སྐྱུག་པ་བཞིན་ཙར་ཙར་ནར་ནར་གྱིས་ཤོད་ཡོང་ཟེར།མ་གཞི་ཁོ་ནི་བོད་ཡིན་ཟེར་ཡང་ཁ་ཡི་སྐད་ཆ་ནས་གཏིང་གི་རུས་པའི་བར་རྒྱ་རུ་གྱུར་ཡོད་པའི་མཚོ་ཤར་པ་ཞིག་ཡིན་པ་རེད།

འདི་དག་དང་བསྡུར་ན། ངས་ཤ་ཉེ་བཙོན་པ་དེ་དང་རྒྱ་སྐད་ཀྱིས་གླེང་མོ་བྱེད་དགོས་པ་ནི་དང་དུ་ལེན་ཐུབ་པ་ཞིག་རེད། ཡང་འདང་ཞིག་བརྒྱབ་ན། བཙོན་མ་སུ་ཡིན་ཡང་རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་གི་མདུན་ནས། ཁ་དང་ལག་པས་བྲུས་པ། གཉའ་དང་སོག་པས་འཁུར་ལོས་རེ་དགོས་མོད། འོན་ཏེ་ཁྲིམས་སུ་རང་གི་སྐད་ཀྱིས་བཙོན་ལྟ་རུ་ཡོང་བའི་ཁྱིམ་མི་དང་ལབ་གླེང་བྱ་ཆོག་པ་ཁས་ལེན་ན། དེ་ཅིའི་ཕྱིར་ལག་ཏུ་བསྟར་མི་ནུས་པ་རེད། དེ་ནི་ནང་གི་བཙོན་མ་བསྐྱུར་དང་། ཕྱི་ཡི་ཁྱིམ་མའི་ཁེ་དབང་ཡང་རྩིས་མེད་བྱས་པ་མིན་ནམ། འུ་ཚོས་འདི་ལྟ་བུའི་ཁབ་སྣེ་འབིག་སྣེ་རུ་སྙམ་པའི་ཁེ་དབང་དག་ཅི་མི་སྙམ་པའི་ངང་གཞན་ལ་གློད་ཀྱིན་སྨྱུགས་ཀྱིན་ཡོང་བས། ད་ནི་རང་གི་ཀ་མད་སུམ་ཅུའི་མགོ་རྫི་ཡང་ཐུབ་ཀྱིན་མེད་པ་འདི་མིན་ནམ།

མཇུག་མཐར་བཤད་འདོད་པ་ནི། ངའི་ཤ་ཉེ་བཙོན་པ་དེ་ཕྱི་ཚོར་ཡོང་རྒྱུར་ད་དུང་ལོ་བདུན་བརྒྱད་ཅིག་ཡོད་ལ། ཁོའི་ཨ་མ་དང་སྤོ་བོ་སྤོ་མོ། ད་དུང་བགྲེས་ལོ་དགུ་བཅུར་བུད་ཡོད་པའི་ཨ་མྱེས་ཁྱོ་ཤུགཁོང་གཉིས་དེའི་བར་འཚོ་བཞེས་ཐུབ་པའི་དབང་དུ་བཏང་ནསོགས་ཀྱིས་རྒྱ་སྐད་ཁྱོན་ནས་མི་ཤེས་པས། ལོ་བདུན་བརྒྱད་ཅིག་གི་རིང་ལ་སྐད་ཆ་ཚིག་གཅིག་ཀྱང་ཕན་ཚུན་ཤོད་ཐུབ་པ་མ་རེད།

སྤྱི་ན། སྐད་ཆ་འཕྲོག་པ་ནི་རུམ་གྱི་བག་ལེབ་འཕྲོག་པ་དང་མི་འདྲ། ཕྲག་གི་ཏ་ལེན་བླངས་པ་དང་ཡང་མི་འདྲ། དེ་ནི་ཁ་ནང་ནས་ལྕེ་ཕྱུང་བ་རེད།




༢༠༡༡ལོའི་ཟླ༡༢པའི་ཚེས༡༢ཉིན།

No comments:

Post a Comment