Monday 23 February 2015

དམར་དམར་བོ་བཤད་ན།



 ------ སེམས་གྲོགས་དགེ་འདུན་པ་ཞིག་སྐྱ་སར་བབ་པར 
࿅ སྐྲན། 
ཀྱེ་གྲོགས་པོ་ལགས། ད་གང་ལྟར་ཡོད་ཚད་གྲུབ་ཟིན་པ་རེད། སྤྱིར་ན་ཁྱོད་ཉིད་ནི་རེ་བའི་མིག་ཟུང་གྱེར་ས་ཉག་གཅིག་ཡིན། ཡིན་ན་ཡང་། ད་ཐབས་ཡོད་པ་མ་རེད། སྔར་མི་ཞིག་གིས་སྐད་ཆ་འདི་འདྲ་ཞིག་ཀྱང་བཤད་མྱོང་སྟེ། "གཞོན་དུས་ཆོས་སྒྲུབ་པ་དང་རྒས་དུས་རིག་གནས་སྦྱོང་བ་ནི་རྦད་དེ་གོ་འཛོལ་བ་པའོ།། ནོར་བའོ།།" དེས་ཟེར་རྒྱུ་དེའང་རིག་པའི་གནས་དག་ནི་ཆུང་ཆུང་དུས་ནས་སྦྱང་དགོས་པ་དང་། རིམ་པར་འཇིག་རྟེན་ལ་འདྲིས་ཤིང་གཤིབ་ཅིང་དེའི་ན་སྡུག་དང་གནས་ལུགས་མང་བོ་ཞིག་
རྟོག་པ་དང་དེ་ལས་ངེས་པར་འབྱུང་བའི་བློ་སྐྱེས་པ་ན། ད་གཟོད་གཞི་ནས་ཆོས་བསྒྲུབ་དགོས་པའམ་རང་ཉིད་ཆོས་པའི་ལམ་ལ་ཞུགས་ན་འོས་པ་མ་གཏོགས་ང་ཚོ་བོད་པས་བྱིས་པ་ཆུང་དུས་ནས་གྲྭ་བ་བྱེད་དུ་འཇུག་པ་ནི་ཅུང་ནོར་བའོ་ཞུ་བ་དེའོ།དེར་མ་ཟད། ང་ཚོའི་བོད་ལ་སོ་སོའི་ལས་དང་ཐོད་པ་ཟེར་བའི་བཤད་སྲོལ་ཞིག་ཀྱང་ཡོད་པ་རེད། དེར"ཅི་འདྲ་བ་ཡི་ལས་བྱས་པར།། འབྲས་བུ་དེ་འདྲ་ཉིད་དུ་འབྱུང་།།"དང་།"ལས་མ་བྱས་པ་དང་མི་འཕྲད།། ལས་བྱས་པ་ཆུད་མི་ཟ།།"གསུངས་བ་བཞིན་རེད། དེ་བས། སྤྱིར་ཧ་ལས་རྒྱུ་དང་ཧང་སངས་རྒྱུ་ཡོད་པ་མ་རེད། ཡིན་ནའང་། "སྔོན་མ་གང་བྱས་ད་ལྟའི་ལས་ལ་ལྟོས།། ཕྱི་མར་གར་འགྲོ་ད་ལྟའི་སེམས་ལ་ཐུག། གསུངས་པ་བཞིན་ལུས་ཀྱི་སྤྱོད་ལམ་མ་འཆོལ། སེམས་ཀྱི་གཏད་སོ་མ་ནོར། ངག་གི་སྒོ་མོའང་སྔར་བཞིན་དམ་ཞིང་གཙང་བ་གནང་བའི་རེ་བ་ཆེའོ་ཨ་མའི་བུ། 
གཅིག
ལུས་ཀྱི་སྤྱོད་ལམ་མ་འཆོལ་ཞེས་པ་ནི་གཙོ་བོ་འདི་འདྲ་ཞིག་ལ་གཟས་པ་ཡིན་ཏེ། ལ་ཤས་ནི་གྲྭ་བ་ལོག་པ་ན་མི་གཞི་དང་བཅས་པ་ལོག་འགྲོ་བ་དང་། ལ་ཤས་ཀྱིས་ད་ནི་འདུན་པའང་མི་དགོས་ཚོད་ཀྱིས་ཆང་དང་ཐ་མག ཉ་ཐལ་དང་སྨྱོ་རྫས་ཀྱི་རིགས་ལའང་བག་མེད་སྤྱོད་ཅིང་། སྔར་བག་ཆགས་མེད་པ་དག་ལའང་ཨུ་ཚུགས་ཀྱིས་བྱང་ཞིང་གོམས་པར་བྱ་བ་ཉིད་ནི་ཕལ་ཆེར་འདི་གའི་སྐྱ་བབ་གསར་བ་དག་གི་འགྲོ་སྟངས་འདྲ་ཞིག་ཆགས་ཡོད་པ་དང་། ལྷག་པར་གནའ་བོའི་དྷ་ས་ཆོས་ཀྱི་མགྲོན་ས་རུ་ད་ལྟར་མགོ་སྟོང་རྐྱལ་སྟོང་། སྐྲག་ས་མེད་པ། འཇིགས་སྣང་བྲལ་བ། ཐ་ན་གཉེན་དང་ཉེ་དུའི་བླ་སྒུལ་ཨེ་ཡོང་ངམ་སྙམ་པའི་དོགས་པ་ཙམ་ཡང་མེད་པའི་ཕོ་ཧྲེང་མོ་རྐྱང་རང་དབང་ཆེན་མོ་ལག་ལེན་དུ་བསྟར་མི་ཤེས་པ། དམངས་གཙོ་དྲོན་མོ་ཁ་ནང་དུ་ལེན་མི་ཤེས་པ། ཐ་ན། ༧གོང་ས་ཉི་མ་ཆེན་མོའི་ཐུགས་ཀྱི་དཀྱིལ་འཁོར་དུ་སྐུ་དང་གསུང་གི་ཆར་ཆུ་དུས་དང་དུས་སུ་འཇོ་བ་ལགས་ནའང"ལྷ་སའི་རྒན་མོས་ལྷ་སའི་ཇོ་བོ་མི་མཐོང"ཟེར་བ་བཞིན་གྱི་དམུ་རྒོད་རི་ལས་བབ་པ་ལྟ་བུ་མང་དག་ཅིག་ཡོད་པས་གྲོགས་ཉིད་ནས་ཕྱོགས་གང་ཐད་དུ་ཞིབ་ལྟ་དང་གཟབ་ཀྱིས་བསམ་པར་རིགས་སོ་ཟེར་བ་ཡིན།
གཉིས།
སེམས་ཀྱི་གཏད་སོ་མ་ནོར་ཞུ་བ་ནི་གཙོ་བོ་རང་ཉིད་སྔོན་ནས་འདྲིས་ཤིང་རྒྱུས་ཡོད་པའི་ལམ་དེར་འགྲོ་མ་ནུས་པ་ནའང་། དེས་རྒྱུ་མཚན་ཉི་ཚེ་བས་ལམ་དེ་ནག་གསུབ་གཏོང་རྒྱུར་མི་བསམ་པར་སྔར་ནས་གོམས་པའི་བཟང་ངན་དཀར་ནག་དང་། ལས་དང་འབྲས་བུ་ཉིད་ལ་བློ་མིག་ཡངས་པ་ཉིད་ད་དུང་དུའང་ཇེ་རྒྱས་ཇེ་ལེགས་དང་འཐུས་སྒོ་ཇེ་ཚང་གི་ཕྱོགས་སུ་འབད་པར་བྱ་དགོས་ལ། སྔོན་གྱི་ཚེ་ན་སྐྱེས་བུ་ཆེན་པོ་ཆེན་པོ་ཞིག་གིས"ང་ཡི་ཉན་ཐོས་དམ་ཚིག་ཉམས་གྱུར་ཀྱང་།། སྐྱེས་བུ་ཕལ་བ་རྣམས་ཀྱིས་དོ་ཟླ་མིན།།"གསུངས་པ་བཞིན་ད་དུང་དུའང་ཅི་ཡང་སློབ་པར་རིགས་ལ་མི་ཚེ་ཐོས་པ་ལ་བསྐྱལ་ཅིང་རང་ཉིད་ཤེས་རིག་དང་གནས་ལུགས་ཀྱིས་ཕྱུག་པོ་བཟོ་རྒྱུ་གལ་ཆེན་པོ་རེད་ཅེས་སྐུལ་བའོ།།
གསུམ།
ངག་གི་སྒོ་མོའང་སྔར་བཞིན་དམ་ཞིང་གཙང་བ་གནང་བའི་རེ་བ་ཆེའོ་ཨ་མའི་བུ་ཞེས་པ་ནི། སྤྱིར་ཁྱེད་རང་ཉིད་ལ་སྔར་ནས་ཡོད་པའི་རང་གཤིས་གཙང་མ་དེ་དང་ངས་ཁྱོད་ཉིད་ལ་བཟུང་བའི་ཡིད་ཆེས་ཆེན་པོ་དེའི་ཕྱོགས་ནས་རྒྱུ་མཚན་བརྒྱད་དང་གནས་ལུགས་དགུ་ཡིས་གྲུབ་པ་ཞིག་ཡིན་ནའང་། ད་ལན་ནི་ཡིག་ཚོགས་ཀྱིས་འཇིགས་པ་དང་འཆད་པའི་དུས་དང་གནས་ཀྱི་དབང་གིས་ཡོད་ཚད་འདིར་སྨྲ་བ་བསྡམ་རྒྱུ་ན་འོས་ཤིང་། ངོ་གདོང་དང་ངོ་གདོང་གི་ཐད་དུ་རླངས་པ་དྲོན་མོ་ཡོད་དུས་ཤིག་ལ་སྐད་ཆ་དེ་དག་དཀྱིལ་ལ་འཇོག་པར་འདོད་པས་བར་སྐབས་ཀྱི་དམར་དམར་བོ་འདི་ནས་བསྡུས་ཤིང་འདི་རྫོགས་པར་བགྱིས་པའོ།། 
མཐར། ཡོད་ཚད་བཀྲ་ཤིས་པར་གྱུར་ཅིག་གུ། །།

       ཕྱི་ལོ་༢༠༡༥ལོའི་ཕྱི་ཟླ་༠༢ཚེས་༡༩སྟེ། བོད་ཤིང་ལུག ༢༡༤༢ ལོའི་མཆུ་ཟླ་བའི་དཀར་ཕྱོགས་དགའ་བ་དང་བོར་སྦྱར།

No comments:

Post a Comment