Tuesday 7 October 2014

བོད་མི་ཞིག་གིས་རང་ལུས་མེར་བསྲེགས།

        ཉེ་ཆར་ཕྱི་ཟླ་༩ཚེས་༡༦ཉིན་བོད་ནང་མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དགའ་སྡེ་རྫོང་གཙང་སྐོར་ཞོལ་མ་རྨེ་སྐོར་སྡེ་བའི་བོད་མི་མཚན་ལ་དཀོན་མཆོག་ཞུ་བ་ཞིག་གིས་རྒྱ་ནག་གི་ད་ལྟའི་སྲིད་འཛིན་ལས་ཐོག་པ་ཞིན་ཅིན་ཕེན་རྒྱ་གར་ནང་རྒྱལ་དོན་འཚམས་འདྲིའི་ལྟ་སྐོར་ལ་ཕྱིན་པའི་སྐབས་དང་བསྟུན་ནས། ས་གནས་ཡུལ་ཚོའི་ཉེན་རྟོག་ཁང་གི་སྒོ་འགྲམ་དུ་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་གནང་ཡོད་པ་དང་།
སྐབས་དེར་ཁོང་གི་ལུས་སྟེང་གི་མེ་བསད་ཐུབ་པ་བྱུང་ཡོད་པ་དང་། ཁོང་མྱུར་སྐྱོབ་ཆེད་སྨན་ཁང་དུ་ཁྱེར་ནས་མགོ་ཁོག་ཁུལ་ཐོག་ཏུ་སླེབས་པ་ན། རྒྱ་གཞུང་གིས་ཉེན་རྟོག་པས་བཀག་འགོག་བྱས་སྟབས། མཚན་མོར་ལམ་ཁ་འདྲ་མིན་བརྒྱུད་དམག་མིའི་ལག་ཏུ་ཤོར་མ་བཅུག་པར་ད་ལྟ་ཟི་ལིང་གི་སྨན་ཁང་ཞིག་ཏུ་མྱུར་སྐྱོབ་བྱེད་ཀྱིན་ནའང་། ད་ལྟ་ཁོང་ལ་ཕལ་ཆེར་གསོན་རེ་བ་ཞེ་དྲག་མི་འདུག་པ་དང་མཚམས་རེར་ཁོང་གི་དྲན་པ་རེ་སོས་དུས"མིག་ནས་འཆི་མ་འདོན་ཤོར་ངས་དོན་དག་འགྲུབ་མ་སོང་།"ཞེས་ཡང་ཡང་གསུང་གི་ཡོད་པ་དེ་ག་ས་གནས་བོད་མི་ཁག་ཅིག་གིས་ཕྱི་ཚེས་༤ཉིན་སྨན་ཁང་ཞིག་ཏུ་ཡོད་པའི་འདྲ་པར་དང་བཅས་འགྲེལ་བརྗོད་གནང་འདུག

དེར་མ་ཟད། "ང་ཚོས་སྨན་ཁང་གི་མིང་སོགས་མི་བཤད་དོན་ཡང་གསང་བའི་ངང་མྱུར་སྐྱོབ་སྨན་བཅོས་བྱེད་ཀྱིན་པས་ཡིན་ལ། གལ་སྲིད་མི་མང་བོས་ཤེས་ན་ཉེན་ཁ་ཅན་གྱི་དོན་དག་མང་བོ་འབྱུང་གི་རེད་ཅེས"དང་། "རྒྱ་གཞུང་གི་ཉེན་རྟོག་པས་རྒྱལ་གཅེས་དཔའ་བོ་ཁོང་གི་སྐུ་ཕུང་བཙན་འཁྱེར་བྱ་བར་ནང་མིས་དང་སེམས་ཁྲལ་དང་འཇིགས་སྣང་བྱེད་ཀྱིན་ཡོད"ཅེས་འགྲེལ་བརྗོད་བྱས་འདུག
ད་དུང་འབྲེལ་ཡོད་མི་སྣ་གཞན་ཞིག་གིས་གསུང་དོན།"དོན་དངོས་ཐོག་ང་ཚོས་གནས་ཚུལ་གསལ་བོར་ཤེས་ཡོད། ཡིན་ནའང་། བཤད་ཐུབ་ཀྱི་མི་འདུག རྒྱུ་མཚན་ནི་ང་ཚོའི་ས་གནས་འདིར་སྔར་ནས་དམ་སྒྲག་ཡོད་པ་རེད། དཔེར་ན་དགོན་པ་ཁག་གི་མདུན་རི་དང་རྒྱབ་རིར་ཡང་གཟུགས་མཐོང་འཕྲུལ་ཆས་བཙུགས་ཡོད་པ་རེད་ལ། གལ་ཏ་ེའདི་དག་རྒྱ་ནག་གིས་ཤེས་པ་ཡིན་ན། དགོན་གྲོང་གཉིས་སུ་ཆག་སྒོ་ཆེན་པོ་འབྱུང་གི་རེད་ལ་ང་སྐད་ཆ་བཤད་མཁན་ལའང་ཉེན་ཁ་ཡོད་པ་རེད"ཅེས་སོགས་གསུངས་ཡོད་འདུག
ཡང་ས་གནས་འབྲེལ་ཡོད་མི་གཞན་ཞིག་གིས་གསུང་དོན། "ད་ལྟ་དུང་ཁོ་རང་ཤི་མེད་པར་སྡུག་བསྔལ་ཚད་མེད་མྱོང་གིན་ཡོད་སྟབས་གསར་འགོད་པ་ཁྱེད་ལ་ཐབས་ཤེས་རེ་ཡོད་ན་ཡར་ཞུ་ཞིག་བྱ་རོགས"ཞེས་གསུངས་འདུག
རྒྱལ་གཅེས་དཔའ་བོ་ཁོང་གི་མཚན་ལ་དཀོན་མཆོག་ཞུ་བ་དང་། ཁོང་ལ་བུ་གཅིག་དང་བུ་མོ་གཅིག་ཡོད་པའང་གྲྭ་བ་དང་བཙུན་མ་ཡིན་འདུག
༼ཨེ་ཤེ་
ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་ནས་ཡི་གེར་ཕབ་པ་ཡིན་ལ། ནོར་བ་ཡོད་ན་ཚང་མས་ཁ་གསབ་བྱ་བའི་རེ་བ་དང་བཅས།༽
ཁུངས་ལྡན་དྲ་གནས། http://www.rfa.org/tibetan/sargyur/self-immolation-in-golok-2014-10042014112840.html

No comments:

Post a Comment