Friday 23 August 2019

སྐྲན་གྱི་ཉེ་བྲིས་གཞས་ཚིག་བདམས་བཀོད།

གླུ་བཀྲ་ཤིས་དོན་འགྲུབ་མ།

ང་ཡོང་ཡོང་སྒང་ནས་ཡོང་ཡིན།།
གངས་དཀར་པོའི་རི་ནས་ཡོང་ཡིན།།
སེམས་དཀར་པོ་གངས་རི་འདྲ་བོ།།
གྲོགས་ན་ཟླའི་དཀྱིལ་ལ་འཇོག་གོ།
བཀྲ་ཤིས་པའི་རྟེན་འབྲེལ་བསྒྲིགས་ཡོད།།



ང་ཡོང་ཡོང་གཤོང་ནས་ཡོང་ཡིན།།
ཆུ་གཙང་བོའི་ཁྲོད་ནས་ཡོང་ཡིན།།
སྐད་སྙན་མོ་ཆུ་བོའི་བཞུར་སྒྲ།།
ཁྲོམ་ན་ཟླའི་ཚོགས་ལ་ཕུལ་ལོ།།
དོན་འགྲུབ་པའི་སྨོན་འདུན་ཞུས་ཡོད།།

ང་ཡོང་ཡོང་བོད་ནས་ཡོང་ཡིན།།
ཁ་མ་ཎི་སྐྱོར་ནས་ཡོང་ཡིན།།
སེམས་བྱམས་བརྩེའི་དྲོད་ཁོལ་ཅན་པོ།།
བོད་ཁ་བ་ཅན་ལ་འབུལ་ལོ།།
བོད་མཐུན་སྒྲིལ་ཡོང་བའི་བཀྲ་ཤིས།། 

ཨོ་གླིང་།  27/03/2019
ཕ་ཡུལ་གྱི་དབྱར་ཁ།

ས་གཞི་གཙང་ས་གཙང་ས།
ཆུ་བོ་དྭངས་ས་དྭངས་ས།
བསུང་ཞིམ་བར་མེད་ལྡང་ས།
མེ་ཏོག་དང་སྨན་ཏོག་འཛིང་ས།
འགྲོ་གོམ་པ་སྤོ་བར་མཚེར་བོའི།
མཛེས་སྡུག་ཡོངས་སུ་རྫོགས་པའི།
ང་ཡི། ཕ་ཡུལ་གྱི་དབྱར་ཁ།
ཁྱོད་རང་གང་དུ་བཞད་ཡོད། 
མཛེས་ཉམས་སྟོང་གིས་བཀླུབས་ཏེ་གང་དུ་བཞད་ཡོད།

རི་བོ་མཐོ་ས་མཐོ་ས།
སྤྲིན་པ་དམའ་ས་དམའ་ས།
ཁུ་བྱུག་ལྷང་ལྷུང་གྲགས་ས།
འབའ་སྒྲ་དང་ངུར་སྒྲ་འདྲེས་ས།
གླུ་ཐན་ཐུན་ལེན་པར་ནོང་བའི།
སྙན་པ་འབུམ་གྱིས་ཕྱུག་པའི།
ང་ཡི། ཕ་ཡུལ་གྱི་དབྱར་ཁ།
ཁྱོད་རང་གང་དུ་གྲགས་ཡོད། 
འགྱུར་ཁུགས་བྱེ་བས་བཀླུབས་ཏེ་གང་དུ་གྲགས་ཡོད། 

ཨོ་གླིང་།27/03/2019
མགོ་ནག་བོད་ཀྱི་གླུ་བ།

ཕྱི་སྣོད་ཀྱི་འཇིག་རྟེན་ཉི་འོད་ཚ་ཡང་གྲང་རླུང་རྒོད་ཀྱང་། ང་ཚོ་སྐྲག་དོན་མེད།
གནམ་གཤིས་ཀྱི་འགྱུར་བག་ཙམ་རེད། བླ་ལྷག་ཏུ། ང་ཚོ། བོད་ཁ་བ་ཅན་ནས་
སྐྱེས་ཡིན། ཉི་མའི་གྲོང་ནས་སླེབས་ཡིན། མཛངས་མིའི་བློ་རྒྱ་ལྡན་ཡོད། གསོན་དང་
ཡར་ལ་གསོན་དང་། སྐད་སྙན་མོས་གཞས་ཤིག་ཐོངས་ལ། བོད་ཁ་བའི་གཉིད་ཐུན་
དཀྲོགས་དང་། “མགོ་ནག་བོད་འདི་དགའ་ས། བྱ་ཁུ་བྱུག་སྔོན་མོ་ཁྱོད་ཡིན།” 

ནང་བཅུད་ཀྱི་སེམས་ཅན་ཟུར་ཟ་རྒོད་ཀྱང་ངན་དམོད་བྱེད་ཀྱང་། ང་ཚོ་སྐྱོ་དོན་མེད།
མི་སེམས་ཀྱི་དགའ་སྡུག་ཙམ་རེད། ཁྱད་པར་དུ། ང་ཚོས། བོད་བཙན་པོའི་རིག་གནས་
སྦྱང་ཡོད། ས་མཐའི་ཨ་ལོང་སྐོར་ཡོད། འཛམ་གླིང་མིག་གིས་མཐོང་ཡོད། གཟིགས་དང་
ཡར་ཡ་གཟིགས་དང་། ལུས་ལྡེམ་མྱུར་བྲོ་ཞིག་ཁྲོབས་ལ། བོད་ཁ་བའི་མིག་རྒྱ་
སྐྱེད་དང་། “མགོ་ནག་བོད་འདི་དགའ་ས།བྱ་རྨ་བྱ་གཞོན་ནུ་ཁྱོད་ཡིན།”

ཨོ་གླིང་།30/01/2019
པོ་ཏཱ་ལ།

མེས་པོས་རྣམ་དཔྱོད་དང་རིག་སྟོབས།།
བློ་སྤོབས་དཔའ་གདེང་དང་སྒལ་ཚིགས།།
རི་བོ་དྲི་འཛིན་གྱིས་ཕྱར་ཏེ།།
རི་བོ་དྲི་འཛིན་གྱིས་ཉར་ཡོད།།
ང་ཡི་ཕོ་བྲང་། ང་ཡི་པོ་ཏ་ལ།

རི་བོ་དྲི་འཛིན་ཡ་དྲི་འཛིན།།
ཁྱོད་ཀྱིས་འཛིན་རྒྱུ་ཞིག་བཟུང་ཡོད།།
ཕོ་བྲང་དམར་པོ་ཡ་དམར་པོ།།
ཁྱེད་ཀྱིས་དམར་དམར་པོ་ཕྱར་ཡོད།།
ང་ཡི་ཕོ་བྲང་། ང་ཡི་པོ་ཏ་ལ།

བཟོ་རིག་ལག་རྩལ་དང་དཔལ་ཡོན།།
བཟོ་བཀོད་རྨད་བྱུང་དང་མཛེས་སྡུག།
བཟོས་དབྱིབས་ཞི་རྒྱས་དང་དབང་དྲག།
བཟོ་བའི་ཤ་ཁྲག་དང་རྔུལ་ཆུ།།
ང་ཡི་ཕོ་བྲང་། ང་ཡི་པོ་ཏ་ལ།

མེས་པོས་བླ་སྲོག་གིས་བསྐྱོར་ཡོད།།
ཡུལ་སྲོལ་གོམས་གཤིས་ཀྱིས་འཇུས་ཡོད།།
ཕྱི་རབས་སྐད་ཡིག་གི་སྣེ་མོར།།
བསྐལ་བའི་བསྐལ་བ་རུ་བཞུགས་སམ།།
ང་ཡི་ཕོ་བྲང་། ང་ཡི་པོ་ཏ་ལ།
Sydney 13/02/2019
ཕ་ཡུལ་སྐྱིད་པའི་ཞིང་ཁམས།

ཕྱི་གངས་རིའི་ར་བས་བསྐོར་བ།།
ངའི་ཕ་ཡུལ་སྐྱིད་པའི་ཞིང་ཁམས།།
གངས་དཀར་པོའི་རྒྱབ་རི་བརྗིད་པ།།
གན་མི་མཛེས་ཟེར་ནི་མིན་ཏེ།།
དྲིན་ཕ་ལོའི་སྐུ་ཚེ་བརྟན་ན།།
ངའི་རྒྱབ་རི་དེ་ཡིས་བརྗིད་པ།།

བར་མཚོ་མོ་མར་ཁུར་འཁྱིལ་བ།།
ངའི་ཕ་ཡུལ་སྐྱིད་པའི་ཞིང་ཁམས།།
མཚོ་སྔོན་པོའི་ནང་རྫོང་མཛེས་པ།།
གན་མི་མཁོ་ཟེར་ནི་མིན་ཏེ།།
དྲིན་མ་ལོའི་ཚེ་ཐག་རིང་ན།།
ངའི་ཞེ་རྩ་དེ་ཡིས་མཛེས་པ།།

ནང་ཕུ་ནུའི་བློ་གཤོག་རྒྱས་པ།།
ངའི་ཕ་ཡུལ་སྐྱིད་པའི་ཞིང་ཁམས།།
ཤ་ཕུ་ནུའི་དཔུང་རྡང་བརྟན་པ།།
གན་མི་བཟང་ཟེར་ནི་མིན་ཏེ།།
ནང་ཆེ་བཀུར་ཆུང་བྱམས་ལྡན་ན།།
ངའི་ཞེ་རྩ་དེ་ཡིས་བརྟན་པ།།

Dee Why 08/02/2019

སེམས་ཀྱི་གླུ།

རྒན་ལ་བཀུར་བསྟི་ཆེ་བ།།
ང་ཚོ་བོད་པའི་ལུགས་རེད།།
ལུགས་འདི་ཉམས་པ་མེད་པར།།
སེམས་ཀྱི་གླུ་ཞིག་ལེན་ནོ།།

གཞོན་ལ་བྱམས་པ་ཆེ་བ།།
ང་ཚོ་བོད་པའི་གཤིས་རེད།།
གཤིས་འདི་ཉམས་པ་མེད་པར།།
སེམས་ཀྱི་གླུ་ཞིག་ལེན་ནོ།།

གཞན་ལ་ཕན་སེམས་ཆེ་བ།།
ང་ཚོ་བོད་པའི་ཆོས་རེད།།
ཆོས་འདི་ཉམས་པ་མེད་པར།།
སེམས་ཀྱི་གླུ་ཞིག་ལེན་ནོ།། 

ཐུན་མིན་བོད་ཀྱི་གོམས་གཤིས།།
གོ་ལ་ཧྲིལ་བོའི་རྒྱན་རེད།།
རྒྱན་འདི་རྒུད་པ་མེད་པར།།
སེམས་ཀྱི་གླུ་ཞིག་ལེན་ནོ།།
ཨི་གླིང་། 17/05/2019
ཁྱོད།

སེམས་གངས་དཀར་ངོགས་ན་མྱི་ཞིག་ཉར་ཡོད།།
ལག་ཁ་པར་ངོས་སུ་ཁྱོད་རང་ཤར་ཡོད།།
ཁ་པར་འགུལ་ཐེངས་རེ་རེར།
དུངས་སེམས་ཀྱི་མེ་ཏོག་གཡོ་བར་བྱེད།
བརྡ་འཕྲིན་གྲགས་ཐེངས་རེ་རེར།
སྙིང་གཏམ་གྱི་སྙན་པ་གོ་བར་ནུས།
ང་ཡི་སེམས་ཀྱི་མྱི་ཡ། 
བརྩེ་སེམས་ལ་ཁ་དོག་བྱུག་མཁན།

སེམས་གངས་དཀར་ངོགས་ན་མྱི་ཞིག་ཉར་ཡོད།།
ལག་ཁ་པར་ངོས་སུ་ཁྱོད་རང་ཤར་ཡོད།།
ཁ་བརྡ་གློད་ཐེངས་རེ་རེར།
བརྩེ་དུང་གི་བརྟན་བརླིང་དྲན་པར་བྱེད།
མི་ཚོགས་འཛོམས་ཐེངས་རེ་རེར།།
ལྷན་འཛོམས་ཀྱི་བདེ་སྟོང་གསོ་བར་ནུས།
ང་ཡི་སེམས་ཀྱི་མྱི་ཡ།
རྨི་ལམ་ལ་གཤོག་པ་སྩོལ་མཁན།

At Dee Why Beach 23/04/2019
སྐྱོ་བ།

སྐྱོ་བའི་གླུ་ཞིག་མི་ལེན།།
དབྱངས་ལ་འདར་ཤ་དོད་ཡོང་།།
དབྱངས་ཀྱི་འདར་ཤ་མཉེན་མོས།།
ལུས་སེམས་གཉིས་ཀ་བསྒུལ་ཡོང་།།

སྐྱོ་བའི་གར་ཞིག་མི་འཁྲབ།།
སྤྲིན་པས་སྤྱན་ཆབ་བསིལ་ཡོང་།།
སྤྲིན་ཀྱི་སྤྱན་ཆབ་བསིལ་མས།།
ཕྱི་ནང་གཉིས་ཀ་བརླན་ཡོང་།

སྐྱོ་བའི་གཏམ་ཞིག་མི་བཤད།།
ས་ཆེན་གས་ཀ་ཐེབས་འགྲོ།།
ས་ཆེན་གས་ཀ་ཟབ་མོས།།
སྣོད་བཅུད་གཉིས་ཀ་བརྫིས་འགྲོ།།

ཨོ་གླིང་། 17/08/2019
དྲིན་ཆེན་ཕ་མ། 

དྲིན་ཕ་མ་ཉི་མ་མིན་ན་ཡང་།།
ཐུགས་བརྩེ་བ་ཉི་འོད་ལས་ཀྱང་དྲོ།།
བན་སེར་མོ་དབུས་ལ་འགྲོ་ནི་ཚོས།།
དྲིན་ཕ་མ་སེམས་ཀྱི་གཏིང་ལ་ཟུངས།།

དྲིན་ཕ་མ་ཟླ་བ་མིན་ནའང་།།
གསུང་བསླབ་བྱ་ཟླ་ཟེར་ལས་ཀྱང་འཇམ།།
སྨན་བུ་མོ་གནས་ལ་འགྲོ་ནི་ཚོས།།
དྲིན་ཕ་མར་བྱམས་བརྩེ་ཆེན་པོ་གནོངས།།

དྲིན་ཕ་མ་ས་གཞི་མིན་ན་ཡང་།།
སྐུ་རི་རྒྱལ་ས་གཞི་ལས་ཀྱང་བརྗིད།
ཁྱིམ་ལྷན་འཛོམས་བསྐལ་བ་བཟང་དུས་འདིར།།
དྲིན་ཕ་མ་གཡས་སྐྱོར་གཡོན་སྐྱོར་གནོངས།།


Sydney 21/06/2019

No comments:

Post a Comment