Sunday 30 July 2017

བཛྲ་གུ་རུའི་འབྲུ་འབྲེལ་དོན་བསྡུས་མ་བཞུགས་སོ།།


ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷཱི་ཧཱུྃཿ




ཨོཾ་ཨཱ་ཧཱུྃ་ཞེས་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ས་བོན་དང་། བཛྲ༽  ནི་རྡོ་རྗེ་སྟེ་གཉིས་སྣང་མཚན་རྟོག་གི་སྤྲོས་པས་ནམ་ཡང་མི་ཕྱེད་པ་ཀུན་ཁྱབ་རིག་སྟོང་རྡོ་རྗེ་སྙིང་པོའི་ངོ་བོར་བཞུགས་པའི་ཆོས་ཀྱི་སྐུ་དང་། གུ་རུ༽ ནི་བླ་མ་སྟེ་དེའི་ངང་ལས་ཁ་སྦྱོར་ཡན་ལག་བདུན་དང་ལྡན་པའི་ཡོན་ཏན་གྱི་ཁུར་གྱི་ལྕི་བའི་སྐུ་དང་ཞིང་ཁམས་རྒྱ་མཚོའི་སྤྲིན་མངོན་པར་བཀོད་པས་ན་ལོངས་སྤྱོད་རྫོགས་པའི་སྐུ་དང་།
པདྨ༽ ནི་སོ་སོར་རྟོགས་པའི་ཡེ་ཤེས་ཀྱི་རིག་མདངས་གསུང་རྡོ་རྗེ་བདེ་བ་ཆེན་པོ་པདྨའི་རིགས་མཆོག་བརྫུས་སྐྱེས་སྤྲུལ་པའི་སྐུའི་སྣང་བརྙན་དུ་རང་ཤར་བས་ན་སྤྲུལ་སྐུ་སྟེ། དེ་ལྟ་བུའི་སྐུ་གསུམ་དབྱེར་མེད་པའི་བླ་མ་ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོའི་ཆེ་བའི་ཡོན་ཏན་རྗེས་སུ་དྲན་ནས། སེམས་ཀྱི་གཤིས་སྤྲོས་པ་དང་བྲལ་བའི་རང་རྩལ་མོས་གུས་སུ་དུང་ངེ་བའི་ངང་ནས་གསོལ་བ་གདབ་ཅིང་། དེ་ལྟར་གསོལ་བ་བཏབ་པའི་མཐུ་ལས། སིདྡྷི ཞེས་དངོས་གྲུབ་སྟེ་མཆོག་དང་མཐུན་མོང་གི་དངོས་གྲུབ་མ་ལུས་པ་ཐམས་ཅད་ ཧཱུྃ ཞེས་བདག་གི་ཤེས་རྒྱུད་ལ་དུས་ད་ལྟ་ཉིད་དུ་སྩོལ་བར་མཛད་དུ་གསོལ་སྙམ་པའི་དོན་དྲན་པར་བྱ་བའི་སྒོ་ནས་བཟླ་བ་སྟེ། ཕན་ཡོན་ནི་མང་པོ་ཡོད་ཙང་ཚང་མ་འདིར་བཀོད་མི་ཐུབ་བོ། །པདྨ་འབྱུང་གནས་ཡང་སྙིང་འབྲུ་བཅུ་གཉིས༔ འབུམ་ཕྲག་བཅུ་གཉིས་འཁོར་བའི་ས་བོན་སྟོང་༔ འབུམ་ཕྲག་སོ་དྲུག་རིག་འཛིན་གྲལ་དུ་འཁོད༔ འབུམ་ཕྲག་བརྒྱ་ཡིས་པདྨ་ང་དང་མཉམ༔ གསུངས་སོ། །



འདི་ནི་ ༧ སྐྱབས་རྗེ་བདེ་བར་གཤེགས་པ་གུ་རུ་པདྨའི་ཕོ་ཉ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་གསུངས་སྔོན་འགྲོའི་ཁྲིད་ལས་བཏུས་སོ།  །

No comments:

Post a Comment