Thursday 28 May 2015

སངས་རྒྱས་འཚོས་རང་ལུས་མེར་བསྲེགས།

རྒྱལ་གཅེས་དཔའ་མོ་སངས་རྒྱས་འཚོ།
ཁ་སང་སྟེ་ཕྱི་ཚེས་༢༧ཞོགས་པའི་བོད་ནང་གི་ཆུ་ཚོད་ ༤ ཙམ་ལ་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ། ཅོ་ནེ་རྫོང་ཆུ་བུ་ཤིས་སམ་ཆུ་དཔལ་ཡུལ་ཚོ་རྨེ་རུ་སྲིབ་པ་སྡེ་བའི་བོད་རིགས་བུ་མོ་སངས་རྒྱས་འཚོ་ལགས་ཀྱིས་ཆུ་བུ་ཤིས་དགོན་པའི་ཉེ་འདབས་སུ་ཡོད་པའི་རྒྱ་གཞུང་སྤྱི་བདེ་ཉེན་རྟོག་པ་དང་དམག་མི། ལས་དོན་རུ་ཁག་བཅས་མཉམ་སྡོད་བྱེད་སའི་ (分局) སྒོ་ཁར་རྒྱ་གཞུང་གི་གཡོན་ཐལ་སྲིད་ཇུས་ལ་ངོ་རྒོལ་གྱིས་རང་ལུས་མེར་བསྲེགས་གནང་སྟེ་འདས་གྲོངས་སུ་ཕྱིན་ཡོད་འདུག
དགོན་མཐའི་(分局) རྒྱ་གཞུང་ལས་ཁུངས་དེ་སྔོན་ཆད་ཆུང་ངུ་ཞིག་ལས་མེད་ཀྱང་། ཕྱི་ལོ་༢༠༠༨ལོའི་ས་བྱི་ཞི་རྒོལ་སྐབས། ཆུ་བུ་ཤིས་དགོན་བཀྲ་ཤིས་ཆོས་འཁོར་གླིང་གི་དགེ་འདུན་པ་ཚོས་འོས་ལངས་བྱས་པའི་རྗེས་སུ་ལས་ཁུངས་དེ་སྔར་ལས་རྒྱ་བསྐྱེད་དེ་ཆེ་རུ་བཏང་ཡོད་འདུག

སངས་རྒྱས་འཚོ་ལགས་ཀྱིས་རང་ལུས་མེར་བསྲེགས་གནང་སྐབས་ཚེས་༢༦མཚན་་སྨད་ལ་ཁེལ་ཡོད་སྟབས། མོ་རང་གིས་འབོད་སྒྲ་ཅི་ཞིག་བསྒྲགས་ཡོད་མེད་དང་ཤུལ་དུ་དགོས་འདུན་འདྲ་བཞག་ཡོད་མེད་སོགས་ད་སྔ་ཤེས་རྟོགས་ཐུབ་མི་འདུག
བུ་མོ་མཁའ་འཚོ་དང་བུ་ཚེ་རིང་དོན་འགྲུབ།
ཞོགས་པར་ཁོ་མོས་རང་ལུས་མེར་བསྲེགས་གནང་བ་དང་རྒྱ་གཞུང་གི་ལས་ཁུངས་དེའི་མི་སྣ་ཚོས་མོའི་ཕུང་པོ་གཙོད་གྲོང་ཁྱེར་དུ་ཁྱེར་ཡོད་པ་མ་ཟད། ད་ལྟ་མོ་རང་གི་ཁྱིམ་དུ་ཉེན་རྟོག་པ་མང་བོ་བསླེབས་ཏེ་ཁྱིམ་མི་ཚོར་འདྲི་གཅོད་ དང་འགྲོ་འོང་བཀག་སྡོམ་ཤུགས་ཆེན་པོ་བྱེད་བཞིན་ཡོད་འདུག
ཁོ་མོ་ནི་ཆུ་བུ་ཤིས་རྨེ་རུ་སྲིབ་པ་སྡེ་བར་སྐྱེས་ཤིང་། ད་ལྟ་རང་ལོ་༣༦དང་། ལོ་བརྒྱད་དགུ་ཙམ་གྱི་སྔོན་དུ་ཁོ་མོ་ཆུ་བུ་ཤིས་རྨེ་རུ་ཉིན་པ་སྡེ་བའི་བླ་ཁོ་ཚང་དུ་མནའ་མར་ཡོང་ཡོད་པ་དང་། མོའི་ཆོ་གའི་མིང་ལ་རྟ་མགྲིན་དབང་རྒྱལ་དང་། བུའི་མིང་ལ་ཚེ་རིང་དོན་འགྲུབ། བུ་མོའི་མིང་ལ་མཁའ་འཚོ་ཟེར་གྱི་ཡོད་པ་བཅས
ཆུ་བུ་ཤིས་དགོན་བཀྲ་ཤིས་ཆོས་འཁོར་གླིང་།


No comments:

Post a Comment