Thursday 23 April 2015

སྡོམ་བདེ་སྡོམ་བདེ་བོ་དེ་དག

______ རྐྱེན་དང་འཕྲད་ན་ཤར་མར་ཞུ་རྒྱུ་རང་རེད།


དེ་རིང་ཁ་བྱང་ཙམ་ཡང་མེད་པའི་༸སྐུའི་གྱ་སྟོན་ཉིན་གསུམ་གྱི་མཛད་རིམ“ཉོག་བླུགས་མཇུག་རྡུམ་མ”དེ་འདྲ་ཞིག་དྲ་ཐོག་ནས་མཐོང་བས་མཚར་སྣང་ཧ་ཅང་སྐྱེས་ལ། ཉོག་ལྡུག་སྟངས་དང་མཇུག་རྡུམ་སྟངས་ལ་གཞིག་ན་༸སྐུའི་གྱ་སྟོན་ཚོགས་ཆུང་ནས་བཀྲམས་པ་ཨེ་ཡིན་ནམ་སྙམ་པའང་འདུག་ནི་འདུག་མོད། ཡང་། མཛད་རིམ་གྱི་གོང་སྒྲིག་སྟངས་དང་ས་གནས་དང་དུས་ཚོད་གསལ་སྟངས་ལ་གཞིགས་ན་ཡིན་ཐག་ཆོད་པ་ཞིག་ཀྱང་རེད། དེ་བས། འདི་དང་འདི་ལྟ་བུ་ནི་མི་ཆུང་ང་ལྟ་བུ་ཞིག་གིས་བསམ་ཚུལ་ཐོ་རེ་བ་ཞིག་བརྗོད་པར་ཉོག་བླུགས་པ་དང་ཁྱོན་ནས་མི་འདྲ་བ་དང་། མཇུག་ཆད་པ་དང་ཡང་རྦད་དེ་མི་གཅིག་པས། མ་མཐའ་ཡང་། འདི་ལ་བརྩེ་འདང་དང་དུས་ཚོད་མང་བོ་ཞིག་གཏོང་རིན་ཡོད་པ་དང་། གཏང་དགོས་པ་ཞིག་ཀྱང་ཡིན་སྟབས་ཞིབ་ཚགས་དང་གཙང་གསལ་དག་གསུམ་ཐོན་པ་ཞིག་ནི་ངེས་པར་དུ་མཁོ་ཨང་།
བརྒྱ་ལ་དུས་ཚོད་མེད་དུ་ཆུག་ནའང་། ཆེད་དུ་བསྐོས་པའི་ནང་གི་ལས་བྱེད་མི་སྣ་གཅིག་ལ་མཛད་རིམ་འདིར་ཉིན་ཕྱེད་ཀྱི་དུས་ཚོད་བཏང་བ་ཡིན་ན་ཅི་མ་རུང་། སྟོང་ལ་དག་ཆ་ཙམ་གྱི་དཀའ་ངལ་ཡོད་དུ་སྲིད་ནའང་། ད་དུང་ནི་རང་ཚང་ལ་མི་མེད་པའི་དཀའ་ངལ་ནི་ཁྱོན་ནས་མི་འདུག་པ་འདི་བཞིན་དུ། ཞར་དང་ཞོར་ལ། ཁ་པར་གྱིས་འཆར་ངོས་ཙམ་ནས་སྡོམ་བདེ་སྡོམ་བདེར་བཟོས་པ་འདི་ཡིས་ཆེན་པོ་ཆུང་ངུར་བཟོས་ཞིང་། ལེགས་པ་ཉེས་པར་བསྐྱོན་པ་མ་རེད་དམ།
སྤྱིར་ན། མ་བབས་པའི་མི་ལ་མ་བཅོལ་བའི་ལས་སུ་ཟད་པ་འདྲ་ནའང་། ང་ལ་འདིའི་རྒྱབ་ལོགས་སུ་ཤ་ཞེན་དམར་དམར་པོ་ཞིག་ཡོད་པས་དང་། ངས་ནི་འདིའི་བར་ལོགས་ལ་རེ་བ་དྭངས་དྭངས་པ་ཞིག་འཆང་བས་ཡིན། 
གང་ལྟར། བླང་དོར་ལེགས་ཉེས་ཞེས་ཟེར་རྒྱུ་ན་ཕྲན་ལ་ཧ་ཅང་ཆེ་དྲགས་པ་འདྲ་ནའང་། མ་གཞིར་ང་ཚོས་ངེས་པར་དུ་བསམ་བསམ་སྟེ་གཞི་ནས་བྱ་དགོས་པ་ཞིག་དང་། བྱས་བྱས་པ་དེའང་བཅོས་བཅོས་ན་ད་གཟོད་གཞི་ནས་གསལ་དག་གཙང་བ་ཞིག་ཡོང་རྒྱུ་ཡོད་པ་དེ་ཆོས་ཉིད་དུ་ཟད་པས། ང་ཚོས་ནམ་ཞར་ལ་འགྲོ་ཞོར་འདུག་ཞོར་དུ་སྡོམ་བདེ་སྡོམ་བདེར་བཟོས་པ་དེ་དག་ནི་ཧ་ཅང་སྡོམ་བདེ་བོ་ཞིག་ཁྱོན་ནས་མ་རེད་ཨང་།

2015.04.23 ཕྱི་དྲོར། 



No comments:

Post a Comment