Tuesday 4 November 2014

སྐད་ཆ། སྐད་ཆ། སྐད་ཆ།



སྐད་ཆ། སྐད་ཆ། སྐད་ཆ།
སྐྲན།
འཇིག་རྟེན་ཁམས་ཟེར་བ་འདིའམ།
རྫུན་དང་ཤོབ་ཀྱི་ས་ཚིགས་འདི་རུ།
ད་ལོ་དང་ན་ནིང་ནས།
སྐད་ཆ་ཤོག་སྐྱ་འདྲ་བ་དང་།
ཁང་རྩེག་འདྲ་བ།
གོས་སྒམ་འདྲ་བ།
འདྲུད་ལྷམ་འདྲ་བ།
བརྙན་འཕྲིན་འདྲ་བ།
ཀུ་ཤུ་རྟགས་ཅན་གྱི་ལག་འཁྱེར་ཁ་པར་འདྲ་བ་དེ་དག
ང་ཡི་གཡས་དང་གཡོན་ནས་སྐྱེས་ཤིང་།
ཉེ་འགྲམ་དག་ནས་སྐྱ་ཆག་ཉིལ་ལེར་འཇིག་དུས།
*ཨ་ཕོ་ཚོད་ཚོད་ལ་གློ་ལུ་བརྒྱབ་ཅིང་གད་མོ་ཆེན་པོ་ཤོར།


ཐ་ན། ཆོས་གོས་ངུར་སྨིག་དང་སེར་བོའི་འོག་ནས་ཀྱང་།
ཚི་དྲགས་ནག་པོ་ལྟ་བུའི་རྫུན་ཆེན་པོ་དང་ཤོབ་ཆེན་པོ་བཞུར་དུས།
ཨ་ཕོའི་བར་མེད་དུ་གློ་བ་ཚ་ཞིང་སྣ་སྤྲིད་ཤོར།
འཇིག་རྟེན་འགྱུར་བ་ཡིན་ནམ་ང་རང་སྨྱོས་པ་ཡིན།

བདག་པོ་རང་ཉིད་བྱ་དགོས་པ་སེམས་སུ་མ་ཤོང་བའི་སྔ་གཞུག་གི
སྐད་ཆ་རི་འདྲ་བོ་དང་འཇགས་མ་འདྲ་བོ་དང་།
དེའི་རྒྱབ་ལོགས་སུ་ཡིབ་པའི་མི་གཞི་རླུང་འདྲ་བོ་དེ་དག
ད་དུང་། སྐད་ཆ་གོས་སྒམ་འདྲ་བ་དེ་དག་དང་།
སྐད་ཆ་སྤྲིན་པ་འདྲ་བ་དེ་དག་རེ་རེའི་རྒྱབ་ནའང་།
ཐག་འཁྱུད་མེ་ཏོག་ལྟ་བུའི།
གཡུ་སྦྲང་དང་ཕྱེ་མ་ལེབ་ལྟ་བུའི་མི་སེམས་སྐུང་བས།
ཨ་ཕོ་ཚོད་མེད་དུ་བགད་འདོད་ཅིང་ཕངས་མེད་དུ་ངུ་བར་འདོད་དོ།།

*ཨ་ཕོ་ནི་ཡུལ་སྐད་དུ་ཕོ་རྒོད་པོའམ་ཕོ་ཁྱོ་གའི་དོན་སྟེ། ཨ་ཕོ་རང་གིས་འཇོན་ན་དགའ་ལྡན་ཁྲི་ལ་བདག་པོ་མེད་ཟེར་བ་ལྟ་བུའོ།། ༢༠༡༢།༡༡།༠༩

No comments:

Post a Comment