Friday 7 June 2013

གཤིས་ལ་ཡོད་པའི་སྙན་ངག་ལ་ནམ་ཡང་འཆི་རྒྱུ་མེད།

........... རང་རེའི་བོད་ཀྱི་རྩོམ་པ་པོ་ཧོར་གཙང་འཇིགས་མེད་ལགས་སུ་བཅར་འདྲི་ཞིག


དྲི་བ། སྐུ་ཞབས་ཧོར་གཙང་འཇིགས་མེད་ལགས་ཁམས་བཟང་། དང་པོར་ཉིད་ཀྱི་ད་ལྟའི་ལས་གནས་གཞི་བྱས་ཐོག་རང་ཉིད་ཀྱི་ལོ་རྒྱུས་མདོར་བསྡུས་ཤིག་གསུང་རོགས་གནོངས།
          
 ལན། ཁམས་བཟང་། ང་ལ་ལས་གནས་ཟེར་བ་གང་ཡང་མེད། ཨ་རིའི་ནང་དུ་ཚོང་ཙག་ཙིག་རེ་བརྒྱབ་ནས་ཁང་གླ་སྤྲོད་ཐུབ་ཙམ་དང་ལྟོ་གོས་འདང་ཙམ་གྱིས་འཚོ་སྡོད་བྱེད་ཀྱིན་ཡོད་པ་རེད།
            དྲི་བ། ང་ཚོ་བོད་མི་རང་ངོས་ནས་ཐུན་མོང་མ་ཡིན་པའི་རིག་གཞུང་ཞེས་གོང་བཀུར་དང་འུད་བསྟོད་བླ་མེད་བྱེད་མོད། དེ་ལ་འདིར་ཉིད་ཀྱིས་ནང་ཆོས་དང་མ་འབྲེལ་བར་བོད་ཀྱི་རིག་གཞུང་རང་ངོས་ནས་ཐུན་མོང་མིན་ཞིང་ཁྱད་དུ་འཕགས་ཚུལ་ཞིག་གསུང་རོགས་ཞུ།
            ལན། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ཟེར་བ་དེ་ལ་ཆོས་ལུགས་ཀྱི་ཤན་ཞུགས་ཆོག་མི་ཆོག་གི་སྐད་ཆ་ཅང་བཤད་རྒྱུ་ཨེ་ཡོད་སྙམ། ཟམ་གདོང་རིན་པོ་ཆེས་གསུངས་པ་ལྟར། མདོ་སྔགས་གཉིས་ཀྱིས་བསྡུས་པའི་གཞུང་ལུགས་རེད། དེ་མ་ཡིན་པའི་རིག་གནས་གང་འཚམ་ཞིག་དང་བོར་རྒྱ་གར་ནས་བོད་དུ་བསྒྱུར་བ་རེད་དེ། བསྒྱུར་ཟིན་པའི་རིག་གནས་དེ་ཚོ་བོད་མི་རིགས་ཀྱི་འཚོ་བ་དང་མཉམ་དུ་ལོ་ངོ་སྟོང་ཕྲག་གཅིག་ལྷག་བརྒྱུད་ནས་ཉམས་ལེན་བྱས་ཡོང་བ་ཡིན་སྟབས། ད་ལྟ་སྔར་གྱི་རྒྱ་གར་གྱི་རིགས་གཞུང་གི་ངོ་བོ་དེ་རང་འཇགས་སུ་བསྡད་ཡོད་པ་མ་རེད། བོད་ཀྱི་ཐུན་མོང་མ་ཡིན་པའི་བསམ་བློ་དང་། གོམས་གཤིས། ནང་ཆོས་བོད་དུ་མ་དྲངས་ཡར་སྔོན་དུ་ཡོད་པའི་ས་སྐྱེས་རྡོ་སྐྱེས་ཀྱི་རིག་གཞུང་བཅས་མཉམ་འདྲེས་སུ་གྱུར་ཡོད་པ་ཡིན་དུས། སྔར་གྱི་ལོ་ངོ་སྟོང་ཕྲག་དུ་མའི་གོང་གི་རྒྱ་གར་གྱི་རིག་གནས་དེ་ཇི་མ་ཇི་བཞིན་དུ་བསྡད་ཡོད་མི་སྲིད་པ་རེད། དེ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་རེད་དང་མ་རེད་ཟེར་བ་དེ་ཏན་ཏན་དཔྱད་པ་གཏོང་དགོས་པ་ཞིག་རེད། 
            གང་ལྟར་རིག་གནས་ལ་ཆོས་ལུགས་ཀྱི་ཤན་ཞུགས་དང་མ་ཞུགས་ཟེར་བ་དེ་རྒྱ་ནག་ལ་མཚོན་ན་རིག་གནས་གསར་བརྗེའི་སྐབས་ཀྱི་སྐད་ཆ་ཞིག་རེད། རིག་གནས་གསར་བརྗེའི་ནང་དུ་ཆོས་ལུགས་ཀྱི་ལྷད་དེ་མེད་སོང་བ་ཡིན་ན། འཇིག་རྟེན་གྱི་བྱ་དངོས་ཡོངས་སུ་རྫོགས་པ་གཙང་མ་དང་། ཆོས་ལུགས་ཀྱིས་ལྷད་ཞུགས་སོང་བ་ཡིན་ན་གཙང་མ་མེད་པའི་བསམ་བློ་ཞིག་འཁོར་གྱིན་ཡོད་པ་རེད། དེ་འདྲ་ཡིན་སྟབས། ཞོགས་དུང་གི་<བག་ཆགས་དོང་སྤྲུགས།>ལྟ་བུ་ཡིན་ནའང་ཁོའི་སྐད་ཆའི་ལྟེ་བ་དེ་དེ་བཤད་ཀྱིན་ཡོད་པ་རེད། ཆོས་ལུགས་དང་ཆོས་ལུགས་ཀྱིས་བསྐྱེད་པའི་བག་ཆགས་ཀྱིས་ལྷད་ཞུགས་སོང་བ་ཡིན་ན། སྤྱི་ཚོགས་དེ་གཙང་མ་དང་ཡག་པོ་ཞིག་ཡོང་གིན་མེད་པ་དང། རིག་གཞུང་ལ་ཆོས་ལུགས་ཀྱི་བག་ཆགས་ཡོངས་རྫོགས་དོང་སྤྲུགས་སམ་རྩ་བ་ཉིད་ནས་མེད་པར་བཟོ་དགོས་ཀྱི་འདུག་ཟེར་གྱིན་ཡོད་པ་རེད། ཡིན་ནའང་ཚན་རིག་དང་རྫས་འགྱུར་ལྟ་བུ་ཁག་ཅིག་ཕུད་པའི་འཇིག་རྟེན་འདིར་ཆོས་ལུགས་ཀྱི་བག་ཆགས་རྩ་བས་ཉིད་ནས་མ་འགོས་པའི་རིག་གཞུང་ཞིག་དཀོན་པོ་ཡིན་ལ། གཙང་བཙོག་གི་རྣམ་དབྱེ་འབྱེད་རྒྱུ་དེ་སི་ཏ་ལེན་སོགས་དམར་ཤོག་པའི་ལྟ་གྲུབ་ནང་ཡོད་མྱོང་བ་ཙམ་ལས། འཇིག་རྟེན་སྤྱི་འགྲོས་སུ་དེ་འདྲའི་ངོས་འཛིན་བྱེད་སྟངས་ཧ་ལམ་མེད་པ་འདྲ།
            གང་ལྟར་ངས་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ཟེར་བ་དེ་གང་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་པ་རེད་ཟེར་ན། ད་ལྟ་ང་ཚོ་ལ་ཡོད་བསྡད་པའི་རིག་གཞུང་མང་བོ་ཞིག་རྒྱ་གར་ནས་བསྒྱུར་ཡོང་བ་དེ་བོད་པའི་བསམ་བློའི་ནང་ལ་ཐིམ། རྒྱ་གར་གྱི་རིག་གཞུང་དེ་ཚུར་ནང་འདྲེན་མ་བྱས་པའི་སྔོན་གྱི་བོད་མིའི་སེམས་ཁམས་ཤིག་ཡོད་པ་རེད། བསམ་བློ་ཞིག་ཡོད་པ་རེད། དེང་སང་རིག་གཞུང་ཟེར་བ་དེ་དབྱིན་སྐད་དུ་ (culture) ཟེར་བ་དེའི་ནང་ལ་ཐིམ་ནས་ལོ་སྟོང་ཕྲག་གཅིག་ལྷག་ཅིག་བརྒྱུད་ཡོང་དུས། དེ་ཉིད་ཕར་རྒྱ་གར་གྱི་རིག་གཞུང་དང་མཐུན་གྱིན་མེད་ལ།  རྒྱ་ནག་གི་རིག་གཞུང་དང་ཡང་མཐུན་གྱིན་མེད། མི་རིགས་གཞན་གང་གི་རིག་གཞུང་དང་ཡང་སྒོ་ཀུན་ནས་འདྲ་མཚུངས་མ་ཡིན་པ་ཞིག་ཡོད་པ་དེ་ལ་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་བཏགས་ན་འོས་འཚམ་རེད་བསམ་གྱིན་འདུག དེ་མ་གཏོགས་རིག་གཞུང་གི་ནང་ནས་ཆོས་ལུགས་ཀྱི་ཤན་ཡོད་པ་ཕྱི་ལོགས་སུ་བཏོན་པ་ཡིན་ན་ཤུལ་དུ་ག་རེ་ལྷག་ཡོད་མེད་ཀྱི་དབྱེ་བ་བགར་ཐུབ་རྒྱུ་ཞིག་རེད་མི་འདུག་ལ་བགར་དགོས་པའང་མི་འདུག་སྙམ། ཨ་རི་ལྟ་བུ་ལ་ཆ་བཞག་ན། ཆབ་སྲིད་ཀྱི་ཚོགས་པ་ཆེ་ཤོས་གཉིས་ཡོད་པ་ལས། སྤྱི་མཐུན་ཚོགས་པའི་ལྟ་གྲུབ་གཙོ་ཡེ་ཤུ་ཆོས་ལུགས་ཀྱི་བསམ་བློ་གཞི་ལ་བཞག་ཡོད་པ་རེད་ལ། ཆབ་སྲིད་པ་རེ་རེས་སྐད་ཆ་བཤད་སྐབས་ཆོས་ལུགས་ཀྱི་ཤན་མ་འདྲེས་པའི་སྐད་ཆ་བཤད་མཁན་ཧ་ཅང་དཀོན་པོ་ཡིན། དེས་ན་འཛམ་གླིང་ཡུལ་ལུང་གང་ཞིག་ཡིན་རུང་། ཁོང་ཚོར་ཁོང་ཚོའི་རིག་གཞུང་མ་འདྲ་བ་རེ་ཡོད་ཅིང་། དེ་དག་ལ་འཛམ་གླིང་ཤར་ནུབ་ཀྱི་ཆོས་ལུགས་དང་ལྟ་གྲུབ་གཞན་པས་ཤན་ཞུགས་ཐེབས་པ་མེད་པ་ཞིག་ཧ་ལམ་ཡོད་ཁག་པོ་རེད། འོན་ཀྱང་དེའི་ནང་དུ་ཆོས་ལུགས་བརྒྱ་ཆ་ག་ཚད་འདུག ཆོས་ལུགས་དང་མ་འདྲེས་པ་བརྒྱ་ཆ་ག་ཚད་འདུག་ཟེར་བ་ལྟ་བུའི་དབྱེ་འབྱེད་བྱེད་སྟངས་ཤིག་ཧ་ལམ་བྱུང་མེད་པ་འདྲ།
          དྲི་བ། དེང་གི་ཆར་གཞེས་བྱེས་བོད་མི་མང་དག་ཅིག་གིས་ཚིག་བཅད་གསར་མ་ཟེར་བ་ཞིག་གླེང་བཞིན་པ་དེར་ཉིད་ལ་དགོངས་ཚུལ་ག་རེ་ཡོད་དམ། ཡང་ན། འདི་ནི་དོན་དངོས་ཀྱི་གསར་བཏོད་ཅིག་ཡིན་ནམ་སྔོན་མ་ནས་ཡོད་པ་ཞིག་ཡིན།
            ལན། ངས་ལྟ་སྟངས་འདྲ་བོ་བྱས་པ་ཡིན་ན་བཅད་རྩོམ་གསར་མ་ཟེར་བ་འདི། ༡༩༥༨ ཡར་སྔོན་གྱི་རྩོམ་པ་པོ་དེ་ཚོས་འབོལ་རྩོམ་ཟེར་བ་དེ་ཡིན་ས་རེད། འབོལ་རྩོམ་ཟེར་བ་དེར་ག་རེ་འཇོག་གིན་ཡོད་པ་རེད་ཟེར་ན། རྫ་དཔལ་སྤྲུལ་དང། རྡོ་གྲུབ་ཆེན། ཞང་སྟོན་བསྟན་པ་རྒྱ་མཚོ་སོགས་རྩོམ་པ་བོ་དེ་དག་གི་ཚིགས་བཅད་བརྩམས་ཆོས་མང་ཤོས་ལ་འབོལ་རྩོམ་ཟེར་གྱིན་འདུག འབོལ་རྩོམ་ཡིན་པའི་ཚད་གཞི་བཞག་པ་དེ་འདྲ་མ་མཐོང་ཡང་། སྟབས་བདེ་བོ་ཞིག་གི་ཐོག་ནས་བཤད་ན། མང་ཚོགས་ཀྱི་ཉིན་རེའི་འཚོ་བའི་ནང་བཀོལ་སྤྱོད་བྱེད་པའི་ཐ་སྙད་ཤས་ཆེར་སྤྱད་ནས་བྲིས་པ་ལ་འབོལ་རྩོམ་དང་། རྩོམ་རིག་དང་གཞུང་ལུགས་ཀྱི་ཐ་སྙད་ཤས་ཆེར་སྤྱད་ནས་བྲིས་པའི་སྙན་ངག་སོགས་བརྩམས་ཆོས་ཁག་ལ་འབོལ་རྩོམ་གྱི་ཐ་སྙད་བྱེད་ཀྱིན་མེད་པ་འདྲ།
            ང་ཚོས་བསམ་བློ་ཞིབ་ཚགས་པོ་གཏོང་ཐུབ་པ་ཡིན་ན། སྐད་ཡིག་ལའང་དེ་བཞིན་གྱི་དབྱེ་བ་ཡོད་ཡོད་པ་རེད། སྔོན་ཆད་རྒྱ་གར་ལ། རྟོགས་སླ་བ་རྒྱལ་བོའི་ལུགས་ཀྱི་བསྟན་བཅོས། རྟོགས་དཀའ་བ་པཎ་ཌི་ཏའི་ལུགས་ཀྱི་བསྟན་བཅོས་ཞེས་པའི་ཁྱད་པར་བྱུང་ཡོད་ཅིང་། དེང་སང་དབྱིན་ཡུལ་ལྟ་བུ་ཆ་བཞག་ན། མི་གསར་བ་ཞིག་དང་ཐུག་ན། དེ་ལ་སློབ་སྦྱོང་ག་ཚད་ཡོད་མེད། ཁྱིམ་ཚང་མཐོ་དམན་ག་འདྲ་ཞིག་ནས་ཡོང་མིན་ལམ་སེང་ཤེས་ཐུབ་ཀྱིན་ཡོད་པ་རེད། འདི་དག་གིས་ག་རེ་སྟོན་གྱིན་ཡོད་པ་རེད་དམ་ཟེར་ན། འཇིག་རྟེན་གྱི་རིག་གནས་ཕལ་མོ་ཆེར་རིམ་པ་གཉིས་ཕྱེས་ཡོད་པ་དང་། རིམ་པ་གཅིག་དེ་རིམ་པ་གཞན་དེ་ལས་ཁྱད་དུ་འཕགས་པའི་ལྟ་ཚུལ་བྱུང་ཡོད་པ་དངོས་ཡོད་གནས་ཚུལ་རེད། ལྟ་སྟངས་འདི་འདྲ་སྤྱད་དེ་བལྟས་པ་ཡིན་ན། ང་ཚོའི་ལོ་རྒྱུས་ཐོག་གི་འབོལ་རྩོམ་དུ་བཏགས་པ་ཁག་ལ་ཁ་སྐད་དང་ཡུལ་སྐད་ཤས་ཆེ་ཞིང། རིམ་པའི་གོང་མའི་རྩོམ་རིག་གི་ཐ་སྙད་གཙོ་བོ་གཞུང་ལུགས་དང་རྩོམ་རིག་གི་ཐ་སྙད་ཤས་ཆེ་བ་ཤེས་ཐུབ་པ་ཡིན།
            སྟབས་མ་ལེགས་པ་ཞིག་ལ་འཇིག་རྟེན་གྱི་སྤྱི་ཚོགས་འཕེལ་རིམ་ཁྲོད་མི་ལ་གྲལ་རིམ་གོང་འོག་གཉིས་བྱུང་ཡོད་ཅིང་། ནུབ་ཕྱོགས་པ་ཚོས་གྲལ་རིམ་གོང་མ་ལ་(Uper Class)དང་། འོག་མ་ལ་(Lower Class)ཞེས་པའི་འབོད་སྟངས་བྱུང་ཡོད་ལ། གྲལ་རིམ་གོང་མའི་སྐད་ཆ་དེ་མཆོག་དང་། གྲལ་རིམ་འོག་མའི་སྐད་ཆ་དེ་དམན་པར་བརྩི་བ་ཡིན། དེ་བཞིན་རྩོམ་རིག་ལའང་རིམ་པ་གོང་འོག་གཉིས་བྱུང་ཡོད་ཅིང་། གཞུང་ལུགས་ཀྱི་ཐ་སྙད་གཙོ་བོར་བྱས་པ་ལ་(Classic)ཟེར། འདི་རྩོམ་རིག་གཅིག་པུ་མ་ཡིན་པར། རོལ་མོ་སོགས་སྒྱུ་རྩལ་གྱི་བརྩམས་ཆོས་ཡོངས་རྫོགས་ལ་ཁྱབ་ནས་ཡོད་པ་ཞིག་ཡིན།དེས་ན། བོད་ཀྱི་ལོ་རྒྱུས་ཐོག་བྱུང་བའི་འབོལ་རྩོམ་ཟེར་བ་དེ་རིམ་པ་འོག་མ་དང། འབོལ་རྩོམ་དུ་མི་གཏོགས་པའི་སྒྱུ་རྩལ་བརྩམས་ཆོས་ཁག་རིམ་གོང་མར་བགྲང་གིན་ཡོད་པ་འདྲ།
            མདོར་བསྡུས་ནས་བཤད་པ་ཡིན་ན། འབོལ་རྩོམ་ཟེར་བ་མི་མང་གི་ཉིན་རེའི་འཚོ་བའི་ནང་གི་སྐད་ཆ་དེ་ཤུགས་ཆེ་བས་ན་མི་ཚང་མས་ནང་དོན་གོ་ཐུབ་པ་དང་། མིག་ལམ་དུ་ཅིག་འཆར་རྒྱུ་ཡོད་པ། ཡི་གེ་མི་ཤེས་མཁན་ཞིག་ཡིན་ནའང་། ཡི་གེ་ཤེས་མཁན་ཞིག་གིས་ག་ལེར་ཀློག་པ་ཡིན་ན་དོན་དག་གོ་ནུས་པ་དེ་འདྲ་འབོལ་རྩོམ་གྱི་ཚད་གཞི་འདྲ་བོ་མ་རེད་དམ། 
            ཞང་སྟོན་བསྟན་པ་རྒྱ་མཚོ་ཞལ་བཞུགས་པའི་སྐབས་ལ་བོད་ཀྱི་སྙན་ངག་པ་དེ་ཚོས་ཞང་སྟོན་བསྟན་པ་རྒྱ་མཚོའི་སྙན་ངག་དེ་ཚོ་སྙན་ངག་མ་རེད། འབོལ་རྩོམ་རེད་ཟེར་བའི་སྐད་ཆ་ཞིག་བྱུང་འདུག་ལ། ཁོང་གི་སྙན་རྩོམ་རྩེ་ཕུལ་སྒྲོལ་མའི་ལྷ་ཆོས་ཀྱི་ལོ་རྒྱུས་གཡུ་ལོ་བཀོད་པའི་དགའ་ཚལ་ལྟ་བུའི་སྙན་ངག་རླབས་ཆེན་དེ་ཚོའང་འབོལ་རྩོམ་གྱི་ཤན་ཡོད་ཚུལ་གྱི་སྐད་ཆ་མང་བོ་བྱུང་ཡོད་པ་རེད།
            ཕྱི་གླིང་བས་རྩོམ་རིག་ལ་རིམ་པ་གཉིས་བཀར་བའི་ནང་གི་(Classic)ཟེར་བ་དེ་ཚོར་འུ་ཚོ་བོད་དུ་ཐ་སྙད་ཅི་ཞིག་བེད་སྤྱོད་གཏང་དགོས་པའང་གསལ་བོར་མི་ཤེས་མོད། དབྱིན་ཇིའི་ནང་དུ་བལྟས་ན་ཧ་ཅང་ལས་སླ་བོ་རེད། ནུབ་ཕྱོགས་པའི་རྩོམ་རིག་གི་རྒྱལ་བོ་ལྟ་བུར་གྲགས་པ་ཝིལ་ཡིམ་ཤེཀས་པི་ཡར་(Willim Shakespeare 1564 - 1616) ཡི་སྙན་ངག་ལྟ་བུ་ལ་(Classic)ཡིན་ཟེར་གྱིན་ཡོད་པ་རེད། རི་མོ་ལའང་རིམ་པ་དེ་ཡོད་པ་རེད། རོལ་དབྱངས་ལའང་ཡོད་པ་རེད། དཔེར་ན་འུ་ཚོ་བོད་ཀྱི་སྲོལ་རྒྱུན་གྱི་ཐང་ག་འབྲི་སྟངས་ལྟ་བུ་ཡིན་ན་(Classic)རེད། མཆོག་ཏུ་གྱུར་པའི་རི་མོ་གང་ཞིག་དུས་རབས་ཅི་ཙམ་བརྗེ་མིན་ལ་མ་ལྟོས་པར་རིན་ཐང་དང་ཉམས་རྒྱུ་མེད་ཅིང་། ནམ་ཡང་རྒས་རྒྱུ་དང་རྙིང་རྒྱུ་མེད་པ་དེ་ཚོའི་གྲས་རེད། དེང་རབས་སམ་(Contemporary) དང་ལྷག་པར་དུ་མོ་ཌོན་(Modern)ཟེར་བ་དེ་ཚོ་གནས་སྐབས་གནས་སྐབས་ཙམ་གཏོགས་ངོ་བོ་འགྱུར་འགྲོ་བཞིན་ཡོད་ཅིང་། རིན་ཐང་ཡང་སོ་ན་མི་གནས་པར་འགྱུར་བཞིན་ཡོད་པ་དག་རེད།
དེ་འདྲའི་ཐོག་ནས་བལྟས་པ་ཡིན་ན། ཞང་ཞུང་ཆོས་དབང་གྲགས་པའི་ཪཱ་མ་ཎིའི་གཏམ་རྒྱུད་ལྟ་བུ་དང་། རྗེ་ཙོང་ཁ་བའི་སྙན་རྩོམ་ཁག མཁས་གྲུབ་ཆོས་རྗེའི་སྙན་རྩོམ་ཁག རྒྱལ་དབང་བསྐལ་བཟང་རྒྱ་མཚོའི་སྙན་ངག ཆོས་དཔལ་ཞིང་བློ་བཟང་རྒྱ་མཚོའི་སྙན་ངག སྒེའུ་སྟེང་བློ་བཟང་གི་སྙན་ངག ཀུན་མཁྱེན་འཇིགས་མེད་དབང་བོའི་སྙན་ངག་ལྟ་བུ་ནི་མཆོག་གྱུར་གྱི་སྙན་ངག་གམ་(Classic)ཁོངས་སུ་གཏོགས་ཤིང་། གུང་ཐང་བསྟན་པའི་སྒྲོན་མེ་དང་། ཞང་སྟོན་བསྟན་པ་རྒྱ་མཚོ། རྫ་དཔལ་སྤྲུལ། རྡོ་གྲུབ་ཆེན། དགེ་འདུན་ཆོས་འཕེལ་ལྟ་བུ་མཁས་པ་འདི་དག་གི་བརྩམས་ཆོས་ལ་འབོལ་རྩོམ་གྱི་ཤུགས་ངེས་ཅན་ཡོད་ཀྱང་(Classic)ཁོངས་སུ་གཏོགས་པ་ཡིན། འབྲི་དཀའ་སླའི་ཐོག་ནས་བཤད་པ་ཡིན་ན། འབོལ་རྩོམ་གྱི་རིགས་འདི་འབྲི་ཁག་པོ་ཡོད། འབོལ་རྩོམ་གྱི་རིགས་འདི་འབྲི་ཁག་པོ་ཡོད་པའི་རྒྱུ་མཚན་ནི། མངོན་བརྗོད་དང་བརྡ་རྙིང་། གཞུང་ལུགས་ཀྱི་ཐ་སྙད་རྫིག་པོ་ཁག་བེད་སྤྱོད་གཏོང་གིན་མེད་སྟབས། ཚིག་དང་ཚིག་སྦྱོར། རྗོད་དོན་གྱི་གསོན་ཤུགས་ཁོ་ན་ལས་མིང་ཚིག་གི་གོས་ཆེན་དང་རྒྱན་གཡོགས་མེད་སྟབས་རོ་ཉམས་ཕུན་སུམ་ཚོགས་པ་ཡོང་རྒྱུ་ཧ་ཅང་ཁག་པོ་ཡོད།
            མདོར་བསྡུས་ནས་བཤད་ན། ད་ལྟའི་ང་ཚོའི་བཅད་རྩོམ་གསར་མ་ཟེར་བཞིན་པ་དེ་སྔར་བྱུང་བོད་ཀྱི་རྩོམ་རིག་ལོ་རྒྱུས་ཐོག་གི་སྙན་ངག་ལ་འབོལ་རྩོམ་དང་འབོལ་རྩོམ་མ་ཡིན་པ་གཉིས་ཡོད་པའི་ནང་གི་འབོལ་རྩོམ་གྱི་ཁུངས་གཏོགས་དེ་ཏན་ཏན་ཆགས་ཀྱིན་འདུག དུས་སྐབས་རེ་རེའི་མིའི་བསམ་བློ་དང་སྤྱི་ཚོགས་ལ་འགྱུར་ལྡོག་སྣ་ཚོགས་བྱུང་བའི་དབང་གིས། སྙན་ངག་གི་རྩོམ་ལུས་ལ་མིང་ག་རེ་བཏགས་མ་བཏགས་ཟེར་བ་དེ་གནས་ཚུལ་ཐ་དད་རེད། དེ་ཆོག་གི་རེད། མ་འོངས་པར་ལོ་བཅོ་ལྔའི་རྗེས་སུ་བཅད་རྩོམ་གསར་མ་ལ་མིང་གཞན་དེ་འདྲའང་འདོགས་སྲིད་པ་རེད།
            གཞན་བཅད་རྩོམ་གསར་མ་དེ་གསར་བཏོད་ཅིག་རེད་དང་མ་རེད་ཟེར་ན། གསར་བཏོད་ཟེར་བ་དེ་ཚད་ག་འདྲ་ཞིག་འཇོག་མིན་སོགས་འདི་འདྲའི་རིགས་ཅུང་རྙོག་དྲ་ཚ་བོ་རེད། དགེ་འདུན་ཆོས་འཕེལ་གྱི་སྙན་ངག་འདྲ་ཞིག་ཡིན་ན། སྐབས་དེའི་གཞུང་དང་སྙན་ངག་རྩོམ་མཁན་ཕལ་ཆེ་ཤོས་བླ་མ་དང་གྲྭ་བ་མཁས་པ་དེ་ཚོ་ཆགས་བསྡད་ཡོད་པ་རེད་ལ། ཁོང་ཚོ་མང་ཆེ་ཤོས་ཀྱིས་བྲིས་བསྡད་པ་དེ་དང་དགེ་འདུན་ཆོས་འཕེལ་གྱིས་བྲིས་པ་གཉིས་ལ་ཁྱད་པར་ཞིག་ཤོར་བ་རེད། ཁྱད་པར་ག་རེ་ཤོར་བ་རེད་ཟེར་ན། དགེ་འདུན་ཆོས་འཕེལ་གྱིས་གསུང་རབ་ཀྱི་ཐ་སྙད་དེ་ཉུང་ཉུང་བེད་སྤྱོད་བཏང་། མི་མང་གི་ཉིན་རེའི་འཚོ་བའི་ནང་དུ་ཡོད་པའི་ཐ་སྙད་དེ་ཚོ་བེད་སྤྱོད་མང་བོ་བཏང་བས། བོད་ཀྱི་རྩོམ་ལ་ཤེས་རྒྱ་གཏིང་ཟབ་པོ་ཞེ་དྲགས་མ་དགོས་པའི་ཐོག་ནས་གོ་ཐུབ་ཀྱིན་པ་རེད། སེམས་ལ་ཚོར་བ་སློང་ཐུབ་ཀྱིན་ཡོད་པ་རེད། ལྷག་པར་དུ་དཔེ་དང་དཔེ་ཅན། གཟུགས་དང་གཟུགས་ཅན་གང་བཀོད་པ་རྣམས་ཐད་ཀར་མིའི་སེམས་ལ་འབབ་ཐུབ་ཀྱིན་ཡོད་པ་རེད། དེ་ཚོས་གསར་བཏོད་ཡིན་མིན་ལ་མ་ལྟོས་པར་གསར་སྣང་འདྲ་ཞིག་སྤྲད་ཡོད་པ་རེད། དེ་བཞིན། དེང་སང་བོད་ནང་གི་སེང་རྡོར་ལ་སོགས་པས་བཅད་རྩོམ་གསར་མར་འབོད་པ་དག་ཀྱང་གཙོ་ཆེ་ཤོས་ནམ་རྒྱུན་གྱི་ཞིང་འབྲོག་མི་མང་གི་ཁ་སྐད་ནང་གི་ཐ་སྙད་དེ་ཚོ་ཤུགས་ཆེར་བེད་སྤྱོད་བཏང་བསྡད་ཡོད་པ་དེ་འདྲ་མ་རེད་དམ།
            དཔེར་ན། འབྲོག་པ་ཞིག་ལ་རྒྱལ་བའི་གསུང་རབ་ཀྱི་ཐ་སྙད་མང་བོ་བེད་སྤྱོད་བཏང་བ་ཡིན་ན་ཁོའི་བློ་ངོར་ཅང་ཤར་རྒྱུ་ཡོད་པ་མ་རེད། དཔེ་དང་དཔེ་ཅན་མཚོན་སྟངས་སོགས་རྩོམ་རིག་གི་ལྟ་གྲུབ་སྟེང་ནས་བལྟས་ན་ཚད་ལྡན་ཡིན་རུང་། འབྲོག་པ་ཡི་གེ་མི་ཤེས་མཁན་ཞིག་ལ་ར་འཕྲོད་རྒྱུ་ཁག་པོ་རེད། དེ་ལས། ཕྱུགས་ཟོག་སེམས་ཅན། རྟ་སྒ་སྲབ་གསུམ། སྦྲ་དང་རས་གུར། ཕུར་བ། ཕུར་རྡེབ། འུར་ཆ་ལ་སོགས་པའི་རིགས་ལ་དཔེ་སྦྱར་ནས་བྲིས་པ་ཡིན་ན་ཁོང་ཚོའི་སེམས་ངོར་ལམ་སེང་འོ་ཅིའི་མ་བདེན་བསམ་ནས་ར་འཕྲོད་རྒྱུ་ཞིག་ཡོད་པ་ཡིན། ད་ཕལ་ཆེར་བཅད་རྩོམ་གསར་མའི་སྐོར་དེ་འདྲ་ཞིག་མིན་འགྲོ།
            དྲི་བ། བོད་ཀྱི་རྩོམ་མཁན་ཚོ་མི་རིང་བར་རྒས་༼རྩོམ་མཚམས་བཞག་པའི་དོན༽འགྲོ་གི་རེད་ཟེར་བའི་བཤད་སྲོལ་ཞིག་ཡོང་གིན་ཡོད་ལ། དེ་བཞིན་རྩོམ་མཁན་རེ་གཉིས་དོན་ངོ་མར་ཅུང་ཙམ་ནས་གྲགས་མེད་དུ་གྱུར་འགྲོ་བ་འདི་རྒྱལ་ཁབ་གཞན་དང་མི་རིགས་གཞན་ལ་བསྡུར་ན་གང་འདྲ་ཡིན་ནམ། ཡང་ན། ཁྱོད་ཉིད་ཀྱང་དེང་གི་ཆར་རྩོམ་མཚམས་བཞག་པའི་གྲས་སུ་འཆད་བཞིན་པ་འདིར་ཉིད་ལ་ཅི་ཞིག་གསུང་རྒྱུ་ཡོད་དམ།
            ལན། སྤྱིར་བཏང་བོད་པ་དང་མི་རིགས་འདི་རྒྱལ་ཁབ་གཞན་དང་བསྡུར་ན་ཁག་པོ་རེད། རྩོམ་རིག་གཅིག་པུ་མ་རེད། ཆབ་སྲིད་ཀྱི་ཐོག་ནས་བསྡུར་ཐབས་མེད་པ་རེད། རིག་གཞུང་གི་ཐོག་ནས་བསྡུར་ཐབས་མེད་པ་རེད། དཔལ་འབྱོར་གྱི་ཐོག་ནས་བསྡུར་ཐབས་མེད་པ་རེད། ཚན་རིག་དང་ལག་རྩལ་གྱི་ཐོག་ནས་བསྡུར་ཐབས་མེད་པ་རེད། གཙོ་ཆེ་ཤོས་མི་འབོར་གྱི་ཐོག་ནས་བསྡུར་ཐབས་མེད་པའི་གནད་འགག་ལ་ཐུག་གིན་ཡོད་རེད་བསམ། དཔེ་བཞག་ན། རྒྱ་ནག་ལྟ་བུར་མཚོན་ན་སྐམ་ས་ཆེན་པོ་ན་ཕལ་ཆེར་མི་དུང་ཕྱིར་བཅུ་བཞི་ཙམ་ཞིག་ཡོད་པ་རེད། དེ་ནས་ཕྱི་ལོགས་ཀྱི་ཐེའི་ཝན་དང་། སིང་གྷ་ཕོར་སོགས་བཤད་མ་དགོས་པ་རེད་ལ། ཨ་རི་གཅིག་པུའི་ནང་དུའང་རྒྱ་རིགས་ས་ཡ་དུ་མ་ཡོད་པ་རེད། དེ་ཡིན་པས་ དེའི་ནང་དུ་རྩོམ་པ་པོ་ག་ཚོད་ཡོད་རྒྱུ་རེད། དེའི་ནང་དུ་སྙན་ངག་པ་ག་ཚོད་ཡོད་རྒྱུ་རེད། དེའི་ནང་དུ་མི་ཚེ་མཐའ་ལ་བསྐྱལ་ནས་སྙན་ངག་འབྲི་མཁན་ག་ཚོད་ཡོད་རྒྱུ་རེད། སློབ་གྲྭ་ཆེ་འབྲིང་གི་སྐབས་དང་ལོ་ན་གཞོན་ཡིན་དུས་སྙན་ངག་བྲིས་ནས་ད་ལྟ་མི་འབྲི་མཁན་བགྲངས་ཀྱིས་མི་ལངས་པ་ཡོད་རྒྱུ་རེད་བསམ། ང་ཚོའི་བོད་འདི་རྩ་བའི་མི་འབོར་ཉུང་ཐག་ཆོད་ཡིན་ཙང་གྲོང་བརྡལ་གྱི་བཟོ་འདྲ་ཞིག་ཆགས་ཡོད་པ་རེད། ཕར་ཕྱོགས་ཀྱིི་མི་དེ་གང་འདྲ་ཡིན་མིན་ཚུར་ཕྱོགས་ཀྱིས་ཧ་གོ་བཞིན་ཡོད་པ་རེད་ལ། ཚུར་ཕྱོགས་ཀྱི་མི་དེ་ག་འདྲ་ཡིན་མིན་ཕར་ཕྱོགས་ཀྱིས་ཀྱང་ཧ་གོ་བཞིན་ཡོད་པ་རེད། ཕན་ཚུན་གྱི་གནས་སྟངས་དེ་རྒྱུས་ལོན་རྒྱུ་ལས་སླ་བོ་ཡིན་ཙང་དེ་འདྲའི་རྣམ་པ་འདྲ་ཞིག་མཐོང་གིན་མེད་འགྲོ། དེ་མ་གཏོགས། མི་རིགས་གཞན་གྱིས་ཆེད་ལས་ཀྱི་ཐོག་ལ་མཐའ་གཅིག་ཏུ་མཐའ་སྐྱེལ་གྱིན་ཡོད་པ་གང་ཞིག་ལ་བོད་པས་མཐའ་སྐྱེལ་མ་ཐུབ་པ་དེ་འདྲ་ཅང་ཨེ་ཡིན། ང་ཚོས་ཕྱི་ལོགས་ཀྱི་འཇིག་རྟེན་མང་བོ་ཞིག་མཐོང་ཐུབ་ཀྱིན་ཡོད་པ་མ་རེད། དཔེར་ན། ཨ་རིའི་ནང་གི་སྙན་ངག་པ་བརྒྱ་ཐམ་པ་གྲངས་ཀ་རྒྱག་དགོས་པ་ཡིན་ན་རྒྱག་ཐུབ་ཀྱིན་ཡོད་པ་མ་རེད་བསམ་གྱིན་འདུག ཨ་རིའི་ནང་དུ་མཐོ་སློབ་ལ་འགྲོ་བའི་སྐབས་སུ་སྙན་ངག་བྲིས། ལོ་བཞི་བཅུའི་འོག་ལ་སྙན་ངག་བྲིས་ནས་ད་ལྟ་མི་འབྲི་མཁན་གྲངས་ཀ་རྒྱག་ཐུབ་པ་ཡིན་ན་གཅིག་བྱས་ན་རྩོམ་པ་བོ་སྟོང་ཕྲག་ཁྲི་ཕྲག་ཡོད་སྲིད་པ་རེད། དེ་བརྟེན་ང་ཚོ་དང་ཁོང་ཚོ་གཤིབ་བསྡུར་བྱས་ནས་སྐད་ཆ་བཤད་རྒྱུ་ཁག་པོ་རེད་བསམ།
            མི་སྒེར་བ་ཞིག་ལ་མཚོན་པ་ཡིན་ན། རྒྱུ་མཚན་མང་བོ་ཞིག་ཡོད་རྒྱུ་རེད། ཁོར་ཡུག་གི་ཤུགས་རྐྱེན་ཞིག་ཡོད་པ་རེད། ལས་ཀ་དང་འབྲེལ་བ་ཞིག་ཡོད་པ་རེད། ཆ་རྐྱེན་དང་འབྲེལ་བ་ཞིག་ཡོད་པ་རེད། སེམས་ཁམས་དང་འབྲེལ་བ་ཞིག་ཡོད་པ་རེད། ལོ་ཚོད་དང་འབྲེལ་བ་ཞིག་ཡོད་པ་རེད། ཉམས་མྱོང་དང་འབྲེལ་བ་ཞིག་ཡོད་པ་རེད། མི་ཞིག་གི་མི་ཚེའི་གོམ་འགྲོས་དེ་རྒྱབ་ཡོང་དུས་ལོ་བཅུའི་འོག་གི་སེམས་ཁམས་དེ་དང་ལོ་བཅུ་ནས་ཉི་ཤུའི་བར་གྱི་སེམས་ཁམས་དང་རྦད་དེ་འདྲ་སྲིད་རྒྱུ་མ་རེད། དེ་བཞིན་ལོ་ཉི་ཤུ་ནས་བཞི་བཅུའི་བར་དང་བཞི་བཅུ་ནས་དྲུག་ཅུའི་བར་གྱི་མི་དེའི་འཇིག་རྟེན་ལ་བཟུང་བའི་ལྟ་བ་དང་རིན་ཐང་གི་ལྟ་བ། མཛེས་དཔྱོད་ཀྱི་ལྟ་བ་ལ་སོགས་པ་མི་འདྲ་བ་དང་རྒྱུ་མཚན་དེ་འདྲའི་དབང་གིས་དགེ་འདུན་ཆོས་འཕེལ་གྱིས་ཀྱང་། “ཆུང་ངུའི་དུས་ནས་རྒས་ཤིང་འཁོགས་པའི་བར། །སེམས་ཀྱི་འཁྱེར་སོ་ཅི་ཙམ་བརྗེས་གྱུར་པ།།” ཞེས་པའི་སྡོམ་ཚིག་བཀོད་པ་ཇི་བཞིན་ང་ཚོའི་ནང་སེམས་ཀྱི་འཁྱེར་སོ་དེ་བརྗེས་ནས་འགྲོ་བཞིན་ཡོད་པ་རེད།  དེ་ཚོ་རྒྱུ་མཚན་གལ་ཆེན་ཡིན་རྒྱུ་རེད་བསམ་གྱིན་འདུག
            ངས་ད་ལྟ་དྲན་བཞིན་པ་ཞིག་ལ། ལོ་བདུན་བརྒྱད་ཅིག་གི་གོང་ལ་བྷི་བྷི་སི་(BBC)གསར་ཁང་གིས་གནས་ཚུལ་ཞིག་གི་ཐོག་བགྲོ་གླེང་བྱས་པ་དྲན་བྱུང། དེ་ནི་བྱང་ཨ་རིའི་ཨར་ཁན་སཱ་མངའ་སྡེའི་ནང་སྐྱེས་པའི་སྒྲུབ་རྩོམ་པ་གྲགས་ཆེན་རྗོང་གྷ་ར་ཤམ་(John Grisham, 1955-)གྱི་སྐོར་རེད། ཁོང་གིས་ད་བར་དུ་བརྩམས་སྒྲུང་ཧ་ཅང་མང་བོ་བྲིས་ཡོད་ཅིང་། ཁོང་བརྩམས་སྒྲུང་དེབ་ཆེན་༢༣ཙམ་འཛམ་གླིང་གི་ཚོང་རར་ཆེས་བྲིན་ཤོས་ཀྱི་རྩོམ་པ་པོ་ཞིག་རེད། བར་སྐབས་ཞིག་ལ་ཁོང་སྐྱག་རྫུན་བཤད་པའི་ཉེས་མིང་འོག་ཁྲིམས་སྒོར་ཚུད་པ་རེད། སྐབས་དེར་(BBC)གསར་ཁང་གིས་རྩོམ་རིག་དཔྱད་རྗོད་པ་ཁག་ཅིག་ཆེད་དུ་གདན་ཞུས་ཀྱིས་བགྲོ་གླེང་བྱས་སོང་། “རྩོམ་པ་པོ་སྐད་གྲགས་ཅན་ཁོང་ལ་སྐྱག་རྫུན་བཤད་པའི་ཉེས་མིང་འོག་ཁྲིམས་སྒོར་ཚུད་པ་རེད། དེར་ཁྱོད་ལ་ལྟ་སྟངས་ག་རེ་ཡོད་དམ།” ཞེས་དྲིས་པའི་ལན་དུ། དཔྱད་བརྗོད་པ་དེས། “རྩོམ་པ་པོ་ཁོང་གི་མི་ཚེའི་ཆེད་ལས་དེ་སྐྱག་རྫུན་ཤོད་རྒྱུ་དེ་རེད། སྒྲུང་རྩོམ་ཞིག་མགོ་བཙུག་པ་ནས་མཇུག་མ་བསྡུས་པར་དུ་སྐྱག་རྫུན་རྐྱང་རྐྱང་བཤད་དགོས་ཀྱིན་ཡོད་པ་རེད། སྐྱག་རྫུན་བཤད་རྒྱུ་དེ་ཁོང་གི་ཆེད་ལས་ཡིན་སྟབས། ཁོང་གིས་སྐྱག་རྫུན་བཤད་པ་དེ་ང་ཚོས་ཤེས་ཐུབ་པ་ཞིག་རེད།” ཅེས་ཁོས་སྡོམ་ཚིག་ལྟ་བུ་བཀོད་སོང་། སྡོམ་ཚིག་དེ་གོ་ནས་ང་རང་ཧང་སང་སོང་། དེ་ནས་ཚུར་བོད་ཀྱི་རྩོམ་པ་པོ་ཞིག་དང་། སྒྲུང་རྩོམ་པ། སྙན་རྩོམ་པ་དེ་ཚོར་ལྟ་སྟངས་དེའི་ཐོག་ནས་བལྟས་ན། ང་ཚོས་རྩོམ་པ་བོ་དང་སྒྲུང་གཏམ་པ་ཟེར་དུས་འཇིག་རྟེན་གྱི་བླ་ན་མེད་པའི་སྐྱེས་བུ་དམ་པ་དེ་འདྲ་ཞིག་ལ་ངོས་འཛིན་བྱེད་ཀྱིན་ཡོད་པ་རེད། དངོས་ཡོད་གནས་ཚུལ་ཐོག་རྩོམ་པ་པོ་ཟེར་བ་དེ་ཆེད་ལས་པ་ཞིག་རེད། སྒྲུང་རྩོམ་པ་ཞིག་ཡིན་ནའང་ཁོང་ཤིང་བཟོ་དང་གཅིག་པ་རེད། ཤིང་བཟོ་ཞིག་ཡིན་ན་ཁོ་རང་ཆ་ག་དང་ཤིང་སྒམ་འདི་དང་འདི་ལྟ་བུ་ཞིག་བཟོ་དགོས་པར་བསྐུལ་ན་ཁྱེད་ལ་དགོས་པ་དེ་བཟོ་ངེས་རེད། དེ་ཁོའི་ཆེད་ལས་རེད། དེ་མིན་མགར་བ་ཞིག་ལ་ཤིང་བཟོ་རོགས་ཞུས་ན་ཁོས་བཟོ་ཤེས་རྒྱུ་མ་རེད། 
            ངའི་བསམ་ཚུལ་ལ། མི་ཞིག་གི་བསམ་བློའི་འཕོ་འགྱུར་དེ་དོན་དག་ཆེན་པོ་ཆགས་ཀྱིན་ཡོད་པ་རེད། དཔེར་ན་ངས་གོང་དུ་ཞུས་པ་ནང་བཞིན་སྒྲུང་རྩོམ་པ་(Fiction Writer/Novelist)ཞིག་གིས་བཅོས་མ་རྐྱང་རྐྱང་བྲིས་བྲིས་ན་མཐར་ཐང་འཆད་རྒྱུ་དང་། བཅོས་མ་བཟོ་རྒྱུ་ལ་ཡི་ག་ལོག་རྒྱུ་མེད་མི་སྲིད་པ་མ་རེད། འདི་འདྲའི་སྐྱག་རྫུན་རྐྱང་རྐྱང་བྲིས་ནས་སྙིང་བོ་ག་རེ་ཡོད་རེད་བསམ་ནས། དངོས་བྲིས་རྩོམ་ཡིག་འབྲི་རྒྱུར་བློ་ཁ་ཕྱོགས་འགྲོ་བ་གང་མང་ཞིག་ཡོད་རྒྱུ་རེད་བསམ་གྱིན་འདུག
            དེང་སང་ཨ་རིའི་ནང་བདེ་འཇགས་ཉེན་རྟོག་པའི་ལས་ཀ་གཡུགས་ནས་ཐང་ཁྲོམ་ཙག་ཙིག་བསྟན་ནས་ཁ་གསོ་མཁན་ལྟ་བུར་ཐུག་མྱོང་ཡོད། ཆུང་དུས་འཛམ་གླིང་ལུས་རྩལ་གྱི་ནང་དུ་གསེར་གྱི་རྟགས་མ་བླངས། མཐའ་མཇུག་དེ་ཚོ་ལ་ཐང་ཆད་ནས་གྲྭ་བ་བྱས་པའི་གནས་ཚུལ་དགེ་འདུན་ཆོས་འཕེལ་གྱི་རྣམ་ཐར་དུ་ཡོད་པ་ལྟ་བུ་དང་། རྒྱ་ནག་གི་གཞས་མ་གྲགས་ཅན་ལིས་ནཱ་ཞེས་པ་སྒྱུ་རྩལ་ལ་ཐང་ཆད་ནས་བོད་དུ་ཨ་ནེ་བྱས་པ་ལྟ་བུ་མང་བོ་ཡོང་གིན་ཡོད་པ་རེད།
            ཕྱོགས་གཞན་ཞིག་ནས་བཤད་ན་ཁྱོད་ཀྱི་དྲི་བ་འདི་དྲི་བ་ཆེན་པོ་ཞིག་རེད། གང་ཡིན་ཟེར་ན། ལོ་གཞོན་གཞོན་ཡིན་དུས་སྙན་ངག་བྲིས། ལོ་ཅུང་ཆེ་རུ་ཕྱིན་དུས་སྙན་ངག་མཚམས་བཞག་སོང་ཟེར་བའི་སྐད་ཆ་ཞིག་ཡོང་གིན་ཡོད་པ་བདེན་པ་རེད། ཡིན་ནའང་སྙན་ངག་མཚམས་བཞག་དང་མ་བཞག་ཟེར་བ་དང་། སྙན་ངག་ཚར་མ་ཚར་ཟེར་བ་དེ་ལ་རིགས་གཉིས་ཡོད་པ་རེད། རྩོམ་པ་པོ་ཞིག་ཡིན་ན་དེ་ཡིན་གཅིག་མིན་གཅིག་ཤེས་དགོས་པ་གལ་ཆེན་པོ་ཆགས་ཀྱིན་ཡོད་པ་རེད། ངས་དེ་ལ་(Artistic Gene) ཟེར་གྱིན་ཡོད། རྒྱ་ནག་པ་ཚོས་སྒྱུ་རྩལ་གྱི་དབང་རྩའམ་(艺术系跑)ཟེར་གྱིན་ཡོད་པ་དེ་དང་ཆ་འདྲ་བོ་ཡིན་ནམ་སྙམ། ངས་གྲོགས་པོ་ཐེའི་ཝན་དོན་གཅོད་ཟླ་བ་ཚེ་རིང་ལ་རྟག་པར་ཁྱོད་རང་གི་གཟུགས་པོའི་ནང་ལ(艺术系跑)ཡོད་པ་མ་རེད་ཅེས་རྩེད་མཚར་ངང་བཤད་མྱོང་ཡོད། རྒྱུ་མཚན་ནི་ཁོང་གིས་སྙན་ངག་དང་བརྩམས་སྒྲུང་། རི་མོ་སོགས་སྒྱུ་རྩལ་གྱི་ལས་རིགས་དེ་ཚོ་ལ་དོན་སྙིང་ཡོད་པར་མི་འདོད། དེ་བཅོས་མ་ཡང་མ་རེད། ཁོང་གིས་མི་ཞིག་ཡིན་ན་མི་རིགས་དེའི་ལོ་རྒྱུས་ཤེས་རྒྱུ་གལ་ཆེན་རེད། གཞན་སྙན་ངག་དང་བརྩམས་སྒྲུང་ཟེར་བ་དེ་ཚོར་དོན་སྙིང་ཅང་ཡོད་པ་མ་རེད་ཅེས་ཡིད་ཆེས་ཀྱི་ཐོག་ནས་བཤད་ཀྱིན་ཡོད་སྟབས་ངས་ཁོང་ལ་དེ་ལྟར་བཤད་པ་ཡིན།
            ང་ཚོས་ཤེས་དགོས་པ་གཙོ་བོ་དེ་དཔེར་ན། ད་ལྟ་ང་ཚོའི་མདུན་ཅོག་འདིའི་མཐའ་སྐོར་དུ་མི་ལྔ་ཡིས་སྙན་ངག་འབྲི་བཞིན་ཡོད་པ་ཡིན་ན། དེའི་ནང་དུ་མི་ག་ཚོད་ལ་(艺术系跑)ངོ་མ་དེ་ཡོད་རྒྱུ་རེད། ངས་བཤད་བཞིན་པའི་(Artistic Gene) ཟེར་གྱིན་ཡོད། གལ་སྲིད་མི་ཞིག་ལ་སྒྱུ་རྩལ་གྱི་དབང་རྩ་མེད་པའམ་ཤུགས་ཆུང་ཞིག་ལས་མེད་པའི་དབང་དུ་བཏང་ཡང་། མི་དེ་རིགས་ཀྱིས་སྙན་ངག་གཏན་ནས་འབྲི་མི་ཐུབ་པ་དེ་འདྲ་ཡང་མ་རེད། དེ་ཡིན་སྟབས། སྙན་ངག་མེ་ལོང་མར་སྙན་ངག་འགྲུབ་བྱེད་ཀྱི་རྒྱུ་གསུམ་བཤད་པའི་ནང་གི་གཅིག་ནི། རྩོམ་རིག་གི་གཞུང་མང་བོར་ལྟ་ཀློག་སྦྱོང་བརྡར་བྱེད་རྒྱུ་དེ་བཞག་པ་ཡིན། དེར་བརྟེན་སྒྱུ་རྩལ་གྱི་དབང་རྩ་མེད་པའམ་ཉུང་བའི་མི་ཞིག་གིས་འུ་ཚུགས་ཀྱིས་སྙན་ངག་བྲིས་པ་ཡིན་ན། འབད་བརྩོན་ཡོད་པ་ཡིན་ན། སྙན་ངག་བདེ་མོ་ཁག་ཅིག་འབྲི་ཐུབ་སྲིད་པ་རེད། དེ་རྒྱུ་འབྲས་རྟེན་འབྱུང་ཟེར་བ་དེ་རེད། རྒྱུ་ཆེན་པོ་བསགས་ན་འབྲས་བུ་གཅིག་ཀྱང་མི་འབྱུང་བ་དེ་འཇིག་རྟེན་ཆོས་ཉིད་དང་ཡང་འགལ་གྱིན་ཡོད། དབྱིན་སྐད་དུ་སྦྱོང་བརྡར་གྱིས་མི་ཚད་དང་ལྡན་པ་ཞིག་བཟོ་ཐུབ་ཀྱིན་ཡོད་(Practices make man prefect)ཟེར་སྲོལ་ཡོད་པ་བཞིན་དཀའ་ལས་བརྒྱབ་ན་འབྲི་ཐུབ་རྒྱུ་རེད་དེ། སྒྱུ་རྩལ་གྱི་དབང་རྩའམ་(Artistic Gene) དངོས་གནས་པ་མེད་ཙང་ཁོ་ནམ་ཡང་བག་ལ་ཞ་བའམ་རྦད་དེ་མེད་པར་ཆགས་རྒྱུ་ལས་སླ་བོ་ཡོད་རེད། སྒྱུ་རྩལ་གྱི་དབང་རྩ་སྟོབས་ཆེན་ཡོད་པའི་མི་ཞིག་ཡིན་ན་དེ་ལ་སྒྱུ་རྩལ་རྫོགས་སོང་ཟེར་བ་ཞིག་ཡོད་པ་མ་རེད། དེའི་སྙན་ངག་རྫོགས་སོང་དང་ཉམས་སོང་ཟེར་བ་ཁྱོན་ནས་མེད། ཁོང་ཤི་སོང་ན་ད་གཟོད་ཁོའི་སྙན་ངག་རྫོགས་པ་རེད་མ་གཏོགས་ཁོང་འཚོ་གནས་བྱས་པའི་སྐབས་སྙན་ངག་དང་སྙན་ངག་གི་སེམས་ཁམས་རྫོགས་མི་སྲིད་པ་ཞིག་རེད། དེར་བརྟེན་ཁོས་སྙན་ངག་བྲིས་མ་བྲིས་ཟེར་བ་དེ་གནས་ཚུལ་ཐ་དད་པ་ཞིག་རེད་མ་གཏོགས་སྙན་ངག་རྫོགས་རྒྱུ་མེད། ཁོའི་སྙན་ངག་དང་ཟུངས་ཁྲག་གཉིས་ངོ་བོ་དབྱེར་མེད་དུ་འདྲེས་ནས་ཡོད་པའི་སྟབས་ཀྱིས་རེད།
            གང་ལྟར་མདོར་བསྡུས་ནས་ཞུས་ན། གོང་ནས་ཁྱོད་ཀྱིས་ང་རང་དཔེ་མཚོན་དུ་དྲངས་ནས་དྲིས་སོང། སྤྱིར་དེ་འདྲའི་རིགས་འདོད་ནས་བཤད་ཀྱིན་ཡོད་ན་རེད། མ་འདོད་ནས་བཤད་ཀྱིན་ཡོད་ན་རེད། དགའ་ནས་བཤད་ཀྱིན་ཡོད་ན་རེད། མ་དགའ་ནས་བཤད་ཀྱིན་ཡོད་ན་རེད། ཟུར་ཟ་བྱེད་ཀྱིན་ཡོད་ན་རེད་དེར་ང་ལ་ཁྱད་པར་ཅི་ཡང་མི་འདུག ངས་དེ་འདྲའི་དོགས་པ་བྱེད་མཁན་རྣམ་པ་ལ་ལན་གསལ་བོ་ཞིག་ག་རེ་འདེབས་འདོད་བྱུང་ཟེར་ན། ང་འདྲ་བ་ཞིག་ཡིན་ན། ངའི་སྙན་ངག་ལ་ནམ་ཡང་འཆི་རྒྱུ་ཡོད་པ་མ་རེད་ལ། འཆི་ཡང་སྲིད་ཀི་མ་རེད། བྲིས་མ་བྲིས་ཟེར་བ་དང་འབྲི་ཐུབ་མ་ཐུབ་ཟེར་བ་དེ་གནས་ཚུལ་གཞན་ཞིག་རེད། ཧོར་གཙང་འཇིགས་མེད་འཇིག་རྟེན་འདི་དང་གཏན་དུ་ཁ་བྲལ་བའི་ཉིན་མོ་དེ་ཧོར་གཙང་འཇིགས་མེད་ཀྱི་སྙན་ངག་རྫོགས་པའི་ཉིན་མོ་རེད། དེ་ལན་འདེབས་གསལ་བོར་བྱས་པ་ཡིན།
          དྲི་བ། རྩོམ་ཡིག་གང་ཞིག་སྙན་ངག་ཡིན་པའི་མ་མཐའི་ཚད་གཞི་ཅི་ཞིག་ཡིན་ནམ།
            ལན། སྙན་ངག་ཟེར་བ་དེར་ཚད་འཇོག་རྒྱུ་ཧ་ཅང་དཀའ་ལས་ཁག་པོ་རེད། ད་ལྟ་ང་ཚོ་བོད་པའི་ལག་ཏུ་ཡོད་པའི་སྙན་ངག་གམ་ལོ་ངོ་བརྒྱ་ཕྲག་མང་བོའི་གོང་རྒྱ་གར་ནས་བསྒྱུར་ཡོང་བའི་རིག་གཞུང་དེའི་ནང་དུ། རྣ་བར་སྙན་ཞིང་ཡིད་ལ་འཇེབས་པའི་ཚིག་གི་སྦྱོར་བ་ཞིག་སྙན་ངག་གི་མཚན་ཉིད་ལ་འཇོག་གིན་ཡོད་པ་རེད། དེང་སང་བོད་ཕྱི་ནང་དུ་དེ་འགྲིག་གིན་མི་འདུག་ཟེར་ནས་སྙན་ངག་གི་མཚན་ཉིད་ལ་ཤོག་ལྷེ་ལྔ་འབྲི་མཁན། ཤོག་ལྷེ་གསུམ་འབྲི་མཁན། ཤོག་ལྷེ་ཕྱེད་ཀ་འབྲི་མཁན་དེ་འདྲའི་མཚན་ཉིད་འཇོག་མཁན་མང་བོ་ཞིག་ཡོང་གིན་འདུག ཡིན་ན་ཡང་མཐར་གཏུགས་ནས་། ཕྱི་ཕྱོགས་ཀྱི་གཙོ་ཤུགས་རིག་གཞུང་ཁག་གི་སྙན་ངག་གི་མཚན་ཉིད་རེ་རེ་ཞིབ་ཚགས་བྱས་ནས་བལྟས་པ་ཡིན་ན། སྙན་ངག་གི་མཚན་ཉིད་དེ། རྣ་བར་སྙན་ཞིང་ཡིད་ལ་འཇེབས་པའི་ཚིག་གི་ཕྲེང་བ་དེ་ལས་མ་འདས་པ་ལྟ་བུར་མཐོང་གིན་འདུག དེ་ལས་ལྷག་པ་ཞིག་ལ་འགྲོ་ས་ཁྱོན་ནས་མེད་པའི་སྣང་བ་སྟེར།
            ང་ཚོ་སློབ་འབྲིང་ནང་དུ་ཅིག་སོང་། སྙན་ངག་ཁ་ཤས་ཤིག་བྲིས་པའི་རྗེས་སུ་རྦད་དེ་ཅིག་རེད། ཅིག་མ་རེད་ཟེར་བ་དེ་དག་ནི། འཇིག་རྟེན་ཧྲིལ་བོར་ཤུགས་རྐྱེན་ཐེབས་ནས་ཡོད་མཁན་རྒྱ་གར་གྱི་གཞུང་ལུགས་སྨྲ་བ་དང་། ལྟ་གྲུབ་སྨྲ་བ། རྩོམ་རིག་སྨྲ་བ་དེ་ཚོ་ལྷག་ཅིག་བཤད་ཐུབ་རྒྱུ་ཁག་པོ་རེད། ཁོང་ཚོའི་ལྟ་གྲུབ་དང་རྩོམ་རིག་ཤུགས་རྐྱེན་དེ་ང་ཚོ་བོད་པ་ཙམ་མ་ཡིན་པར་འཇིག་རྟེན་སྤྱི་ཡོངས་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཡོད། དེ་འདྲའི་འཛམ་གླིང་རྩོམ་རིག་ལ་ཤུགས་རྐྱེན་ཆེན་པོ་ཡོད་མཁན་གྱི་མཁས་པ་དེ་ཚོས་ལོ་མང་བོར་ཉམས་མྱོང་བསགས་ནས་སྤྱི་སྡོམ་བརྒྱབས་ཡོད་པ་རེད། དེ་ཚོར་ང་ཚོའི་སློབ་གྲྭ་ཆེ་འབྲིང་གི་སློབ་མ་དེ་ཚོས་འདི་རེད་འདི་མ་རེད་ཟེར་བའི་ཐག་བཅད་ཆོག་ཆོག་དེ་འདྲ་རྩ་བ་ཉིད་ནས་ཡོད་པ་མ་རེད་བསམ་གྱིན་འདུག
            མི་གཞན་གྱི་ཡིག་རིགས་མང་བོ་ཞིག་དང་དེའི་དོན་གྱི་གོ་དོན་ལ་བསམ་བློ་བཏང་ཡོང་དུས་རྣ་བར་སྙན་ཞིང་ཡིད་ལ་འཇེབས་པའི་ཚིག་སྦྱོར་ཟེར་བའི་སྙན་ངག་གི་མཚན་ཉིད་དེ་ད་ལྟའང་འགྲིག་བསྡད་ཡོད་པ་ཞིག་རེད། དེས་འདང་གིན་ཡོད་པ་རེད། དེས་ཁེབས་ཀྱིན་ཡོད་པ་རེད། དེ་ལ་ཤོག་ལྷེ་མང་བོ་ཞེ་དྲགས་ཤིག་བྲིས་པ་ཡིན་ནའང་ཁ་གསལ་དུ་འགྲོ་རྒྱུ་ཡོད་པ་མ་རེད། ད་དུང་རྙོག་དྲ་ཚ་རུ་ཚ་རུ་འགྲོ་བཞིན་ཡོད་པ་རེད། མིའི་སེམས་ལ་འབབ་རྒྱུ་མེད་པ་དེ་འདྲར་འགྱུར་གྱིན་ཡོད་པ་རེད། དེ་འདྲ་ཡིན་པས། གལ་སྲིད་སྙན་ངག་གི་ཚད་གཞི་ཅི་ཞིག་འཛིན་དགོས་ཀྱིན་ཡོད་པ་རེད་གསུངས་པ་ཡིན་ན། རྣ་བར་སྙན་ཞིང་ཡིད་ལ་འཇེབས་པའི་ཚིག་སྦྱོར་ཕུན་སུམ་ཚོགས་པ་དེ་ལྟ་བུ་ཞིག་ཡིན་ན་སྙན་ངག་ཡིན་རྒྱུ་རེད། མ་གཏོགས་དེ་ལས་འདས་པ་ཡིན་ན་སྙན་ངག་ཆགས་ཀྱིན་ཡོད་པ་མ་རེད།
            ཕྱོགས་གཞན་ཞིག་ནས་བཤད་ན། སྙན་ངག་ཟེར་བ་དེ་ཁྱོད་ཀྱི་བྲིས་པའི་སྙན་ངག་དེ་སྙན་ངག་ཡིན་དང་མིན། ཁོང་གིས་བྲིས་པའི་ཚིགས་བཅད་དེ་སྙན་ངག་ཡིན་དང་མིན་ཟེར་བ་དེ་སུ་གཅིག་གིས་ཀྱང་ཐག་གཅོད་རྒྱུ་དཀའ་ལས་ཁག་པོ་རེད། དེ་གང་ཡིན་ཟེར་ན། སྙན་ངག་ཡིན་ན་རེད། ཚིགས་བཅད་གཞན་པ་ཡིན་ན་རེད། རྩོམ་ཡིག་ཁོ་རང་ལ་ཞེ་དྲགས་རག་ལས་ཀྱིན་མི་འདུག་བསམ་གྱིན་འདུག ང་ཚོ་འཇིག་རྟེན་གྱི་མི་རེ་རེ་ལ་བསམ་བློ་འཁོར་སྟངས་མི་འདྲ་བ་རེ་རེ་ཡོད་པས་ཁ་ཤས་ཀྱིས་འདི་འདྲའི་ཚིགས་བཅད་ཡག་པོ་ཞིག་བྲིས་འདུག་ཟེར་བའང་ཁ་ཤས་ལ་སྙན་པོ་འབྱུང་ཐུབ་ཀྱིན་ཡོད་པ་མ་རེད། དེ་ནི་མིའི་འདུ་ཤེས་འཛིན་སྟངས་དང་། དགའ་ཁ་ཁྱེར་ཕྱོགས་མི་འདྲ་བའི་དབང་གིས་ཡོང་གིན་ཡོད་པ་འདྲ། ཕར་ཕྱོགས་ཀྱི་རྩོམ་ཡིག་གི་བརྗོད་བྱ་དང་རྗོད་བྱེད། རྗོད་ཚུལ་སོགས་ཀྱི་ལེགས་ཉེས་ལ་རག་དེ་ཙམ་མ་ལས་པར། ཀློག་མཁན་ཁོ་རང་གི་བསམ་བློའི་སྟེང་ནས་ཕར་ཡག་སྡུག་གི་ཁྲུན་ཐག་མང་བོ་ཞིག་གཅོད་ཀྱིན་ཡོད་པ་ཡིན་སྟབས། མཐའ་གཅིག་ཏུ་གང་སྙན་ངག་རེད་དང་མ་རེད་ཟེར་བ་སློབ་རྭའི་སློབ་མ་དང་། གྲྭ་སའི་གྲྭ་བ། སྤྱི་ཚོགས་ཐོག་གི་དཔྱད་བརྗོད་པ་དང་རྩོམ་པ་པོ་སུས་ཀྱང་ཐག་གཅོད་ཐུབ་རྒྱུ་ཁག་པོ་རེད། གནད་དོན་འདི་རིགས་ཐག་གཅོད་ཐུབ་མཁན་འཛམ་བུ་གླིང་དུ་ཡོད་པ་མ་རེད་བསམ་གྱིན་འདུག
            དྲི་བ། ཁ་བྱང་ལ་<འཚོ་བ།>དང་རྩོམ་གཞུང་ལ་<དྲ།>ཞེས་པའི་རྩོམ་ཡིག་ཞིག་ཡོད་པ་དེ་སྙན་ངག་གྲགས་ཅན་ཞིག་ཡིན་ཚུལ་སྔར་བོད་ནང་གི་དུས་དེབ་བམ་ཚགས་པར་ཞིག་ལས་མཐོང་མོད། དེ་དང་དེ་འདྲ་བ་ལ་སྙན་ངག་ཏུ་འཇོག་བྱེད་ཀྱི་རྒྱུ་མཚན་ཅི་ཞིག་ཚང་སོང་བ་རེད།
            ལན། སྤྱིན་བཏང་ངས་དེ་གསལ་བོར་ཤེས་ཀྱིན་མེད། རྩོམ་ཡིག་དེ་ཁོ་རང་མ་ཤེས་པ་ཡིན་ཙང་དེ་ལ་འགྲེལ་བཤད་རྒྱག་ཐུབ་ཀྱིན་མི་འདུག ཡིན་ན་ཡང། ཁྱོད་ཚོས་ལབ་རྩེ་དཔེ་མཛོད་ཁང་གིས་ལོ་རེ་རེར་ལས་ཀ་དང་འདུ་འགོད་ག་རེ་བྱེད་ཀྱིན་ཡོད་པའི་སྐོར་གྱི་(News Letter)ཞིག་འདོན་གྱིན་ཡོད་པ་རེད། དེའི་ཐོག་ལ་པདྨ་འབུམ་ལགས་དང་ཁོང་ཚོས་རྩོག་རིག་གི་སྐོར་འདྲ་བོ་དང་། དགེ་བཤེས་ཆོས་གྲགས་ཀྱི་དག་ཡིག་གི་བཟོ་འདྲ་བོ་སོགས་དེ་འདྲའི་དམིགས་བསལ་གྱི་བརྗོད་གཞི་ཁ་ཤས་ཀྱི་སྟེང་ལ་ཉིང་བསྡུས་བྱས་ནས་རྩོམ་ཡིག་ཁ་ཤས་ཐོན་གྱིན་ཡོད་པ་རེད། ཕལ་ཆེར་(News Letter) འདོན་ཐེངས་གཉིས་པ་ཡིན་བསམ་སོང་། དེའི་ཐོག་ལ་(Dana Gioia, 1950-)ཞེས་པས་སྤྱི་ལོ་༢༠༠༢ལོར་སྙན་ངག་གི་སྐོར་ལ་(Can Poetry Matter?)ཞེས་པའི་དཔྱད་གཏམ་ཞིག་སྤེལ་ཡོད་ཅིང། དཔྱད་གཏམ་དེས་འཛམ་གླིང་གི་རྩོམ་རིག་ལ་གཡོ་འགུལ་ཆེན་བཟོས་ཡོད།  རྩོམ་ཡིག་དེའི་སྐོར་པདྨ་འབུམ་ལགས་ཀྱིས་སྙིང་བསྡུས་སུ་བཀོད་པ་རེད། ཁོང་རྩོམ་པ་པོ་ཞིག་རེད། ད་ལྟ་ལོ་ལོ་དྲུག་ཅུ་རེ་གསུམ་ཙམ་རེད། ཁོང་གཙོ་བོ་སྙན་ངག་པ་ཞིག་རེད། དུས་རབས་ཉི་ཤུའི་ཨ་རིའི་ནང་གི་སྙན་ངག་པ་རྩེ་ཕུད་ཅིག་ཡིན་ཟེར་གྱིན་ཡོད་པ་རེད། ཁོས་སྙན་ངག་བྲིས་བྲིས་ནས་ཨ་རིར་སྐད་གྲགས་ཆགས། སྐད་གྲགས་ཆགས་ནས་ཨ་རིའི་སྤྱི་ཚོགས་ནང་དུ་ཧང་སངས་པའི་ཤུགས་རྐྱེན་ཆེ་བའི་མི་ཞིག་རེད།  ཁོང་ལ་ཨ་རིའི་སྤྱི་འཐུས་གྲོགས་ཚོགས་སུ་སྤྱི་མོས་ཀྱི་སྟེང་ནས་ཨ་རིའི་རིག་གཞུང་གི་ཚོགས་པ་ཆེ་ཤོས་དེའི་འགན་འཛིན་ལ་བསྐོས་པ་རེད། ཨ་རིའི་གྲོས་ཚོགས་ཀྱི་མི་བཞི་བརྒྱ་སུམ་ཅུ་ལྷག་གི་ནང་དུ་དགག་བྱ་གཅིག་ཀྱང་མེད་པར་སྤྱི་མོས་ཀྱི་ཐོག་ནས་བསྐོས་པ་དེ་འདྲི་གཟི་བརྗིད་ལྡན་པའི་སྙན་ངག་པ་ཞིག་རེད། སྙན་ངག་པ་འདིས་ག་རེ་ཟེར་གྱིན་ཡོད་པ་རེད་ཟེར་ན། སྙན་ངག་ཟེར་བ་འདི་དང་བོར་སྐྱེས་དུས་ཙ་ནའང་ཚིགས་བཅད་ཀྱི་ངོ་བོར་སྐྱེ་བཞིན་ཡོད་པ་རེད་ལ། འཛམ་བུ་གླིང་གི་སྟེང་ལ་མི་རིགས་མ་འདྲ་བ་དང་སྐད་ཡིག་མ་འདྲ་བ། རིག་གཞུང་མ་འདྲ་བ། ཐ་ན་འབྲི་སྟངས་མ་འདྲ་བ་ག་རེ་མང་བོ་སྤྱད་ནའང་མཐར་གཏུགས་ན་སྙན་ངག་ཟེར་བ་དེ་ཚིགས་བཅད་ཀྱི་རྒྱ་ལས་འདས་སྲིད་པའི་གཏན་ཚིགས་བཀོད་ཡོད། རྩོམ་པ་པོ་ཁོ་རང་ཡང་ཚིགས་བཅད་དང་རང་མོས་གཉིས་ཀ་འབྲི་མཁན་ཞིག་རེད། ཁོང་གི་ལྟ་ཚུལ་དེ་འཛམ་གླིང་ཤར་ནུབ་ཀྱི་ལོ་གཞོན་མང་བོ་ཞིག་གི་སེམས་ནང་ལ་མ་ཤོང་ནས་དེ་ལ་དགག་པ་རྒྱག་མཁན། བསམ་ཚུལ་སྤེལ་མཁན། ངོ་མཚར་བྱེད་མཁན་ཆར་བ་འབབ་འབབ་བྱས་ནས་བྱུང་ཡོད་པ་རེད་དེ། ཁོའི་རྩ་བའི་ལྟ་གྲུབ་ལ་གླན་ཀ་བྱེད་ཐུབ་མཁན་ཡོད་ཚོད་མི་འདུག ཨ་ཁུ་པདྨ་འབུམ་གྱི་<<མི་རབས་གསར་བའི་སྙིང་ཁམས་ཀྱི་འཕར་ལྡང་>>ལྟ་བུར་མཚོན་ན། རང་མོས་སྙན་ངག་གི་ཁྱད་ཆོས་གཙོ་བོ་གཅིག་དེ་རང་མོས་སྙན་ངག་ལ་དབྱངས་རྟ་མི་དགོས་པ་དང་། ཚིགས་བཅད་སྙན་ངག་ལ་དབྱངས་རྟ་དགོས་པ་དེ་རེད། ཡིན་ནའང་ད་ལྟ་ང་ཚོས་བཤད་བཞིན་པའི་སྙན་ངག་པ་འདིས་སྙན་ངག་ཟེར་བ་དེ་དབྱངས་ཀྱི་ངོ་བོར་སྐྱེ་བཞིན་ཡོད་པ་རེད། སྙན་ངག་ལ་ཡིན་གཅིག་མིན་གཅིག་དབྱངས་རྟ་དགོས་པ་རེད། སྙན་ངག་ཁོ་རང་དབྱངས་ཀྱི་ངོ་བོ་ཡིན་པ་གང་ཞིག་ལ། དབྱངས་ཀྱི་སྟེང་དུ་ཚིག་སྦྱོར་ཞིག་སྤེལ་བཞག་པ་དེ་འདྲ་ཞིག་ཡིན་པའི་སྐད་ཆ་བཤད་སྟངས་མ་འདྲ་བ་ཡོད་པ་རེད།
            ངས་ད་ལྟ་ཅི་ཞིག་བཤད་ཀྱིན་པ་རེད་ཟེར་ན། རྩོམ་པ་འདིས་རང་མོས་སྙན་ངག་ཟེར་བ་འདི་ཨ་རིར་དུས་རབས་བཅུ་དགུ་བའི་ནང་དེ་འདྲའི་ཤུགས་ཆེན་པོ་ཞིག་གང་འདྲ་བྱས་ནས་དར་སོང་བ་རེད་དམ་ཞེ་ན། ཡུལ་དེར་རང་མོས་སྙན་ངག་དར་མགོ་ཚུགས་སྐབས་ལྕགས་དཔར(打字机)དར་བཞིན་པའི་སྐབས་དང་ཁེལ་བས། རྩོམ་པ་བོ་ཚོས་ལྕགས་དཔར་བེད་སྤྱོད་བཏང་སྟེ། ཡི་གེ་དག་རྡོ་ཐེམ་བུར་བསྒྲིགས་པ་དང་བར་བར་དུ་ནག་ཐིག་སྣ་ཚོགས་ཕབ་པ། ཡར་ཀྱོག་མར་ཀྱོག་བྱས། བཟོ་སྟངས་འདྲ་མིན་སྣ་ཚོགས་ཀྱིས་བསྒྲིགས་པས་ཡི་གེའི་བཟོ་བཀོད་ཀྱི་སྙན་ངག་ཞིག་ཏུ་གྱུར་པ་སྒྲུབ་ཀྱིན་ཡོད་འདུག  བཟོ་བཀོད་མཛེས་རྩལ་གྱི་ཆར་གཏོགས་པའི་ སྙན་ངག་ཅིག་རུ་གྱུར་པས། མི་མང་གིས་སྔར་མཐོང་མ་མྱོང་བའི་བཟོ་བཀོད་ཀྱིས་ཡིད་དབང་འཕྲོགས་པ་ལ་བརྟེན་ནས་ཨ་རིའི་ནང་དུ་རང་མོས་སྙན་ངག་མེ་འབར་འབར་བྱས་ཡོད་པ་འདྲ།
            འོན་ཀྱང་དུས་རབས་ཉི་ཤུའི་ལོ་རབས་བདུན་ཅུ་བརྒྱད་ཅུར་སླེབས་དུས། ཨ་རིའི་གཞོན་སྐྱེས་སྙན་ངག་པ་མང་ཤོས་ལྟ་བུ་ཞིག་ཕར་ཚིགས་བཅད་རྩོམ་པ་པོར་གྱུར་པར་བཤད། དེང་སང་ཡང་ཨ་རིའི་གཞོན་སྐྱེས་སྙན་ངག་པ་ཚོ་རང་མོས་སྙན་ངག་ལས་ཚིགས་བཅད་སྙན་ངག་ལ་འགྱུར་གྱིན་ཡོད་པར་བཤད།
            ཁྱོད་ཀྱི་དྲི་བ་གཙོ་བོ་འཚོ་བའམ་དྲ་ཞེས་པའི་ཡི་གེ་དེ་གང་འདྲ་བྱས་ནས་སྐད་གྲགས་ཆགས་པ་རེད་ཟེར་བར་ཚོད་དཔག་ཅིག་བྱས་ན། དེ་དུས་སྐབས་ལ་རག་ལས་པ་རེད། ཁོར་ཡུག་ལ་རག་ལས་པ་རེད། དཔེ་བཞག་ན། ངའི་དེའི་རྒྱབ་ལྗོངས་སོགས་ཤེས་ཀྱིན་མེད་མོད། འདིིའི་རྒྱབ་ལྗོངས་ཤིག་ཤེས་པ་ཡིན་ན་ཁོར་ཏན་ཏན་འགྲེལ་བཤད་རྒྱག་རྒྱུ་ཡོད་པ་རེད་བསམ་གྱིན་འདུག ཡིན་ཡང་། ང་ཚོ་འཇིག་རྟེན་གྱི་མི་ཞིག་ཡིན་པ་དང་། མི་ལོ་མང་བོར་འཇིག་རྟེན་གྱི་ཟ་མ་ཟོས། ཉམས་མྱོང་སྣ་ཚོགས་བརྒྱུད་ནས་ཡོང་བ་ཡིན་སྟབས་དོན་དག་མང་དག་ཅིག་དངོས་སུ་ཤེས་ཀྱིན་ཡོད་མེད་ལ་མ་ལྟོས་པར་རང་བཞིན་གྱིས་ཚོད་དཔག་བྱེད་ཐུབ་པ་དེ་འདྲ་ཡོད་པ་རེད། ང་ཚོའི་པད་མ་ཚེ་རིང་གིས།
ང་།
ང་ང་།
ང་ང་ང་།
ང་ང་ང་ང་།
 ཟེར་བ་དེ་འདྲའི་སྙན་ངག་བྲིས་ཡོད་པ་དེ་སོགས་རྩ་བའི་འགྲོ་སྟངས་གཅིག་པ་རེད་སྙམ། ཡུལ་ལུང་གང་ཞིག་གི་གཞོན་སྐྱེས་ཚོས་རིག་གཞུང་ལ་གསར་བརྗེ་བྱ་དགོས་ཟེར་བའི་སྐད་འབོད་ཤུགས་ཆེན་པོ་དང་དེ་འདྲའི་བསམ་བློ་མེ་འབར་འབར་བྱེད་ཀྱིན་པའི་སྐབས་ལྟ་བུ་ལ་མི་ཞིག་གིས་དེ་འདྲ་ཞིག་བྲིས། དེ་ཡང་གཙོ་ཆེ་ཤོས་ཡི་གེ་གཅིག་པོ་དེའི་ནུས་པ་ཏན་ཏན་རག་ལས་ཡོད་པ་མ་རེད་བསམ་ཀྱིན་འདུག སློབ་གྲྭ་ཆེན་མོའི་དགེ་རྒན་འདྲ་བོ་ཞིག་གིས་ནག་པང་སྟེང་དུ་ཡིག་རྡོག་གཅིག་བྲིས་ནས་འདི་སྙན་ངག་ཅིག་རེད་ཟེར་ན། ཚང་མ་འཇམ་ཅག་གེར་མིག་ཅེར་ནས་འདུག་པ་རེད། དེ་ནས་དེ་ལ་ཁོ་རང་གི་རྩོམ་རིག་གི་ལྟ་གྲུབ་དང་རྩོམ་རིག་གི་སེམས་ཁམས་ཀྱི་ཐོག་ནས་འགྲེལ་བཤད་ཡག་ཐག་ཆོད་པ་ཞིག་བརྒྱབ་པའི་རྗེས་ལ་ད་གཟོད་གཞི་ནས་ཡིག་འབྲུ་གཅིག་པོ་དེ་སྙན་ངག་ཆགས་རྒྱུ་ཡིན་པ་རེད། དེར་བརྟེན་ཁྱེད་ཀྱིས་བཤད་པའི་དྲ་ཞེས་པའི་ཡིག་འབྲུ་ཁོ་རང་རང་སྟེང་ནས་སྙན་ངག་ཏུ་གྱུར་པ་ཞིག་མ་ཡིན་པར། དེ་ཁྱབ་བསྒྲགས་བྱེད་མཁན་དང། དེ་ལ་འགྲེལ་བཤད་རྒྱག་མཁན་སྐད་གྲགས་ཅན་ཞིག་རྒྱབ་ལོགས་སུ་ཡོད་པའི་ཚོད་དཔག་བྱས་པ་ཡིན་ན། དེ་ཉིད་དོན་འགྱུར་གྱི་ཐེ་ཚོམ་དུ་འགྱུར་རྒྱུ་རེད་བསམ་གྱིན་འདུག
          དྲི་བ། སྙན་ངག་སྦྱོང་མཁན་ལས་དང་བོ་བ་ཞིག་ལ་མཚོན་ན་དེ་ལ་སྙན་ངག་བསླབ་སྟངས་ལེགས་ཤོས་དེ་གང་འདྲ་ཡིན་ནམ།
            ལན། དང་བོར་སྙན་ངག་ཟེར་བ་དེ་སྦྱང་རྒྱུ་ཡོད་དང་མེད་ཟེར་བ་དེ་དྲི་བ་ཆེན་པོ་ཞིག་རེད་བསམ་གྱིན་འདུག སྙན་ངག་ཟེར་བ་དེ་སྦྱངས་ནས་ཐོན་རྒྱུ་ཞིག་ཡིན་མིན་ལ་རྩོད་པ་ཡོད་པ་རེད། དེ་གཅིག་རེད། རྒྱ་ནག་གི་རིག་གཞུང་ལྟ་བུར་མཚོན་ན་སྙན་ངག་གི་གཞུང་ལུགས་ཞེས་པ་ཞིག་ལ་སྦྱང་རྒྱུ་ཡོད་པ་མ་རེད། འོ་ན་རྒྱའི་སྙན་ངག་པ་དེ་ཚོ་ཇི་ལྟར་སྙན་ངག་པར་ཆགས་ཀྱིན་ཡོད་དམ་ཟེར་ན། མི་ཞིག་གིས་ཡི་གེ་བྲིས་ཀྱིན་བྲིས་ཀྱིན་སྦྱང་གིན་སྦྱང་གིན་མིང་དང་ཚིག་གི་ཚོགས་དེ་ཕུན་སུམ་ཚོགས་པ་ཆགས། དེ་ས་ཆོད་ཆེ་རུ་ཆེ་རུ་སོང་ནས་རང་ཤུགས་ཀྱིས་སྙན་ངག་སླེབས་ཡོང་བ་དཔེར་ན། གནམ་གྲུ་འཕུར་བའི་བཟོ་འདྲ་བོ་བྱས་ནས་མགྱོགས་སུ་མགྱོགས་སུ་ཕྱིན་ནས་འཕུར་བ་ལྟ་བུར་དཔེ་བཞག་ན་འགྲིག་གིན་མེད་འགྲོ་དྲན་གྱིན་འདུག རྒྱུ་མཚན་འདི་འདྲའི་ཐོག་ནས་བལྟས་ཚེ་སྙན་ངག་ཟེར་བ་དེ་ཆེད་དུ་སྦྱང་རྒྱུ་ཡོད་དང་མེད་ཟེར་བ་དེ་དྲི་བ་ཞིག་ཆགས་ཀྱིན་ཡོད་པ་རེད། ཡིན་ན་ཡང་། སྙན་ངག་མེ་ལོང་མ་ལྟ་བུར་མཚོན་ན། ཧ་ལས་པའི་གཞུང་ལུགས་ཡག་པོ་གཏིང་ཟབ་པོ་ཞིག་རེད།  དཔེ་མཚོན་དྲུག་བརྒྱ་ལྔ་བཅུ་རྩ་གྲངས་ཞིག་ཡོད་པ་དེ་ཚོ་ཚང་མ་ཞིབ་ཚགས་པོ་དང་མ་འདྲེས་པ་ཞིག་ངེས་ཐུབ་པ་ཡིན་ན། འཛམ་བུ་གླིང་གི་རྩོམ་རིག་གི་གླེང་སྟེགས་གལ་ཆེན་གང་དུ་སྟེང་ལ་སོང་ནས་སྙན་ངག་ཞིག་ལ་གཤགས་བཅོས་གཏོང་དགོས་པ་ཡིན་ན། ད་བཟོད་མི་འཇིགས་པའི་གདེངས་སམ། གུང་ཐང་བསྟན་པའི་སྒྲོན་མེསཚོགས་ཀྱི་དབུས་སུ་སྨྲ་མཁས་པའི་དཔལ་ཐོབམི་ཐོབ་ལ་ཐེ་ཚོམ་མེད་པ་ཞིག་རེད། 
            གལ་གནད་ཆེ་ཤོས་ཤིག་ནི། གཞུང་ལུགས་དེ་ཡང་མ་ངེས། འདི་ཡང་མ་ངེས། ཨ་ཁུ་ཅིག་ཅིག་ས་ནས་ཅིག་སྦྱང་བ་ཡིན་ཟེར་བ་དང་། དགེ་རྒན་མུག་མུག་གིས་ཁྲིད་སོང་ཟེར་ནས་རྨི་ལམ་གྱི་བཟོ་འདྲ་བོ། རྩ་ནས་ཤེས་ཀྱིན་མི་འདུག་པར་ཅིག་ཤེས་ཀྱིན་ཡོད་པའི་བཟོ་འདྲ་བོ། ཤེས་ཀྱིན་འདུག་ཟེར་ནའང་གསལ་བོ་མེད་པ་དེ་འདྲའི་དབང་གིས་མ་འཁྱོངས་པ་རེད་མ་གཏོགས། རྒྱན་དྲུག་བརྒྱ་ལྔ་བཅུ་རྩ་དྲུག་དེའི་ངོ་བོ་ག་རེ་རེད། མཚན་ཉིད་ག་རེ་རེད། དེའི་ཐུན་མོང་མ་ཡིན་པའི་འབྱེད་ཆོས་ག་རེ་ཆགས་ཀྱིན་འདུག་ལྟ་བུ་ལ་སོགས་པ་ཞིབ་ཅིང་ཕྲ་བ་ཞིག་ཤེས་པ་ཡིན་ན། འཛམ་བུ་གླིང་གི་སྙན་ངག་ཅིག་ལ་འགྲེལ་བཤད་རྒྱག་དགོས་པ་བྱུང་ནའང་།  མི་དེ་རྦད་དེ་མཆོག་ཏུ་གྱུར་བའི་དཔྱད་རྗོད་པ་དང་བོ་མ་ཆགས་པ་ཡིན་ནའང་གཉིས་པ་གསུམ་པ་ཆགས་ཐུབ་ཀྱིན་ཡོད་པ་དེ་ང་ཚོས་ཐག་བཅད་ནས་བཤད་ཐུབ་ཀྱིན་འདུག
            དོན་གྲུབ་རྒྱལ་གྱི་ཁྱད་ཆོས་གཙོ་བོ་ཞིག་ནི། དུང་དཀར་རིན་པོ་ཆེས་མེ་ལོང་མ་ཁྲིད་སྐབས་རྒྱན་ངེས་ཐུབ་པ་དང་། རྒྱན་གྱི་རིགས་ངོས་འཛིན་ཞིབ་ཚགས་བྱེད་ཐུབ་ཀྱིན་ཡོད་པ་དེ་རེད། དེ་ལ་བརྟེན་ནས་སྙན་ངག་ལ་དབང་འབྱོར་བ་ལྟ་བུ་བྱུང་བ་ཡིན་ནམ་སྙམ།
            ཁྱོད་ཀྱིས་སྙན་ངག་མེ་ལོང་མ་སྦྱངས་ཚར་བའི་རྗེས་ལ་སྙན་ངག་མེ་ལོང་མའི་རྗེས་སུ་འགྲང་དགོས་དོན་ཅི་ཡང་ཡོད་པ་མ་རེད།  ཁྱོད་སྙན་ངག་མེ་ལོང་མས་དགེ་སློང་བསྒྲུབས་པ་མ་རེད། མེ་ལོང་མའི་སྡོམ་པ་ཁྱོད་ཀྱི་རྒྱུད་ལ་འབོག་བཞག་ཡོད་པ་མ་རེད། དེ་ཡིན་པས། ཁྱོད་སྙན་ངག་མེ་ལོང་མའི་རྗེས་སུ་འགྲང་དགོས་པའི་རྒྱུ་མཚན་གཅིག་ཀྱང་ཡོད་པ་མ་རེད། དེ་ལྟར་བཀའ་གཏོང་མཁན་མེད་པ་ཡིན་པས་ཁྱོད་ཀྱིས་དེའི་ནང་གི་ཕུན་སུམ་ཚོགས་པའི་བསླབ་བྱ་དང་ལེགས་ཆ་དེ་ཚོ་བླངས་ཚར་དུས་ཁྱོད་རང་རླབས་ཆེན་གྱི་རྩོམ་རིག་སྨྲ་བ་ཞིག་ཆགས་ཀྱིན་ཡོད་པ་དེ་བརྒྱ་ཆ་བརྒྱ་ཐམ་པ་རེད། དེ་ཕྱིར་ངས་བལྟས་ན་ང་ཚོའི་ལས་དང་བོ་བ་རྣམས་ཀྱིས་འདི་འདྲའི་ལག་རྟེན་རྩ་ཆེན་པོ་ཞིག་ལ་བརྟེན་ནས་སྦྱང་ཐུབ་ན་ཡག་པོ་ཡོད་པ་རེད་བསམ་གྱིན་འདུག དེ་ནས་ཁྱོད་ཀྱིས་སྦྱང་སྟངས་ཀྱི་སྐོར་ནས་དྲི་བ་དྲིས་པ་ཡིན་པས་ངས་ཚིག་གལ་ཆེན་པོ་གཅིག་བཤད་འདོད་བྱུང་།
            ང་རང་གི་མི་ཚེའི་ཉམས་མྱོང་གི་སྟེང་ནས་བཤད་ན། སྙན་ངག་ཡིན་ན་རེད། སུམ་རྟགས་ཡིན་ན་རེད། ལོ་རྒྱུས་སྦྱང་བ་ཡིན་ན་རེད། འཇིག་རྟེན་གྱི་གཞུང་གང་སྦྱོང་གིན་ཡོད་ནའང་། དཔེ་ཆ་མང་བོ་ལ་བལྟ་མི་ཉན་པ་དེ་ངའི་མི་ཚེའི་གདམས་པ་མཐར་ཐུག་དེ་ཡིན། ངས་དེ་རིང་ལོ་གཞོན་གཞོན་དེ་ཚོ་ལ་ག་རེ་ཞུ་འདོད་པ་དེ་ནི། ཁྱོད་ཀྱིས་རྒྱལ་དབང་ལྔ་བའི་དབྱངས་ཅན་དགྱེས་གླུ་ལྟ་བུ་ཡིན་ན་དེ་རྐྱང་རྐྱང་སྦྱངས་ནས་ལོ་ལྔ་སྐྱེལ་ཐུབ་པ་ཡིན་ན་ཁྱོད་སྙན་ངག་གཞུང་ལུགས་ལ་མཁས་པ་ཞིག་མ་ཆགས་ན་ང་ལན་པ་ཡིན། དེ་ལྟར་མ་བྱས་པར་དེ་རིང་དབྱངས་ཅན་དགྱེས་གླུར་བལྟས། སང་ཉིན་བོད་མཁས་པའི་དེ་ཅིག་བཀླགས། གནངས་ཉིན་སྙན་འགྲེལ་དབྱངས་གསལ་སྣང་མཛོད་ལ་ཅིག་བལྟས། གཞིས་ཉིན་ཡང་འབྲུག་ཁམས་སྦྲུལ་གྱི་འབྲེལ་བར་བལྟས། དེ་ནས་ཉིན་ཤས་རྗེས་སུ་དུང་དཀར་བའི་དེ་ཅིག་བལྟས། དེ་ནས་ཚངས་སྲས་བཞད་པའི་སྒྲ་དབྱངས་ལ་ཅིག་བལྟས། དེ་འདྲའི་ངང་དུས་ཚོད་བསྐྱལ་བ་ཡིན་ན། ཉིན་མཚན་ངོ་མི་ཆོད་པའི་ཆང་འཐུང་ལྟ་བུར་གྱུར་འགྲོ་བས། གཞུང་ལུགས་གཅིག་ལ་སྦྱོང་སྐབས་རྩ་བ་ཉིད་ནས་དཔེ་ཆ་མང་བོར་བལྟ་མི་ཉན། རྒྱུ་མཚན་དེ་འདྲའི་དབང་གིས་གུང་ཐང་བསྟན་པས་སྒྲོན་མེས་དཔེ་མང་ཀློག་པ་ཤེས་རབ་འཆལ་བའི་རྒྱུ།།གསུངས་པ་རེད། འདིའི་གོ་དོན་སྤྱིར་བཏང་དཔེ་ཆ་མང་བོར་བལྟ་མི་ཉན་ཞེས་པའི་དོན་མ་རེད། དཔེ་ཆ་བ་ཞིག་མཚོན་ན། ཆོས་ཐོག་རེ་རེའི་སྐབས་སུ་བབ་པའི་གཞུང་ལ་མ་བལྟས་པར་དཔེ་ཆ་སྣ་ཚོགས་ལ་གཡེངས་ནས་བསྡད་ན་སློབ་གཉེར་གནད་དུ་ཁེལ་བ་མི་ཡོང་བའི་དོན་རེད། དེར་བརྟེན། “དེ་ཕྱིར་ཐད་གའི་གཞུང་ལ་གཅིག་ཏུ་དྲིལ། །” གསུངས་པ་རེད།
            ཁ་སང་ཕོ་སར་ཞིག་གིས་གུང་ཐང་བསྟན་པའི་སྒྲོན་མེས་གསུང་དེ་སྔོན་མའི་རིག་གཞུང་སྦྱང་བའི་བཀག་རྡོ་ཞིག་རེད་ཟེར་མོད་དེ་གོ་བ་མ་ལོན་པ་རེད། “ཐད་ཕྲེང་ཟུར་བཀོད་བལྟ་བ་ཡལ་བོར་ནས།།ཞེས་སྔོན་འགྲོའི་ཆ་རྐྱེན་འདོན་གྱིན་ཡོད་པ་རེད། དེ་མཚན་ཉིད་པ་ཚོས་སོ་སོའི་ཆོས་ཐོག་རེ་རེའི་ཐད་ཕྲེང་དང་ཟུར་བཀོལ་སོགས་གཡུགས་བཞག་ནས་ཆུ་ངོགས་གཏན་རྒྱུད་ལ་བལྟས། རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད་ལ་བལྟས། རྩོམ་རིག་ལ་བལྟས། སྙན་ངག་དང་འདྲ་མི་འདྲ་ལ་བལྟས་ན་ཤེས་རབ་འཆོལ་ནས་གཞུང་གཅིག་དེ་གསལ་བོར་ཤེས་མི་ཐུབ་པས་ཐད་ཕྲེང་ཟུར་བཀོད་བལྟ་བ་ཡལ་བོར་ནས།།དཔེ་མང་ཀློག་པ་བ་ཤེས་རབ་འཆལ་བའི་རྒྱུ།།དེའི་ཕྱིར་ཐད་གའི་གཞུང་ལ་གཅིག་ཏུ་དྲིལ།།ཞེས་གསུངས་པ་དེ་ཚོར་ཧ་ཅང་གོ་རྒྱུ་ཆེན་པོ་ཡོད་པ་རེད།
            གཞུང་གང་ལ་བལྟ་ནའང་ཐོག་མར་དཔེ་ཆ་གཅིག་ལ་འདྲིས་ཆ་བྱས་ནས། དཔེ་ཆ་གཅིག་ལ་ངེས་པོ་བྱས་ནས། དཔེ་ཆ་གཅིག་དེར་འགྲེལ་བཤད་རྒྱག་དགོས་ན་དེའི་ཚིག་དོན་ལ་ངེས་ཆ་དང་བཅས་ཤར་ཤར་འགྲོ་ཐུབ་པ་ཞིག་བྱང་ཚར་བའི་རྗེས་ལ་དཔེ་ཆ་གཉིས་པ་དེ་ལ་ཅིག་བལྟས་ན། ད་གཟོད་ཁོ་གཉིས་ལ་བཤད་ཚུལ་ཐུན་མོང་མ་ཡིན་པ་གང་འདྲ་ཡོད་མེད་སོགས་གཞི་ནས་མཐོང་ཐུབ་པ་རེད། དེ་མ་གཏོགས་འདི་མ་ངེས་སྔོན་ལ་ཕ་གིར་བལྟས་པ་ཡིན་ན་ཡག་པོ་ངེས་མི་ཐུབ། རྗེ་ཙོང་ཁ་བས་འདམ་ལ་བཏབ་པའི་ཕུར་བ་བཞིན་འགྱུར་བས།། ཡང་དག་བག་ཆགས་བརྟན་པོ་འཇོག་མི་ནུས།།” གསུངས་པ་ལྟ་བུ་ཡིན་རྒྱུ་རེད་བསམ་གྱིན་འདུག
            དྲི་བ། མཐར། ཡུལ་དང་དུས་དང་དགོས་དམིགས་ཀྱི་དབང་གིས་སོ་སོའི་ཁ་བརྡ་ངོ་ཤེས་དང་གཉེན་ཉེ་དུ། བླ་ལྷག་ཏུ་ཁྱོད་རང་བོད་ཀྱི་སྙན་ངག་པ་རྒན་པ་ཞིག་ཡིན་པས་ཁྱོད་ཀྱི་ཡིག་འབྲུ་རྡོག་གཅིག་ལའང་རེ་བས་བལྟས་ཡོད་པ་མི་ཉུང་བ་ཞིག་ཡོད་སྲིད་མོད་ང་ཚོ་ཚང་མ་སྤྱི་ཚོགས་སོ་སོ་དང་ཁོར་ཡུག་སོ་སོ་བ་རེ་ལ་འཐིམ་བསྡད་ཡོད་པས་ད་ཐེངས་ཀྱི་བཅར་འདྲིའི་གོ་སྐབས་འདི་བརྒྱུད་ནས་ཁོང་ཚོར་གསུང་རྒྱུ་ག་རེ་ཡོད་དམ།
            ལན། ད་དམིགས་བསལ་ཅང་བཤད་རྒྱུ་མི་འདུག བཤད་བསམ་པ་དང་་བཤད་དགོས་པ་ཚང་མ་གོང་ཞུས་ཟིན་པའོ།།
            བཅར་འདྲི་བས། ཡག་བྱུང་། ཡིན་ན་བཀའ་དྲིན་ཆེ་ཞུ་ལགས།།

<<སྤྱི་ཚོགས་མེ་ལོང་>>སྤྱིའི་འདོད་ཐེངས་བརྒྱ་དང་ཞེ་གཅིག་པ་ལས་བདམས་བཀོད་བྱས།

No comments:

Post a Comment