Wednesday 15 May 2013

ཟིལ་ཆུ་རྡོག་གཅིག་ལས་ཁྱོད་ལ་བལྟས་པ།


ཟིལ་ཆུ་རྡོག་གཅིག་ལས་ཁྱོད་ལ་བལྟས་པ།





འདྲ་པར་ངོས་ཀྱི་ལྷད་མེད་བལྟས་ནས་ཡུན་རིང་བསྡད་མཐར།
གཞི་ནས་ངས་རང་ཉིད་གཉིད་མེད་པའང་ཚོར་བྱུང་།
མཛེས་སྡུག་གི་རྐང་ལག་མང་བོ་དེ་དག་གིས།
ང་ཁྲིད་ཅིང་ཡོད་ཚད་བྲིད་ནས་སོང་འདུག་པའང་ཚོར་སོང་།

བརྩེ་སེམས་ཀྱི་དཀར་སའི་འཇམ་ས་བསྟན་མྱོང་སའི་བུ་མོ་དེས་ཀྱང་།
མིག་ཟུང་གི་སྒོ་ཡོར་ལག་པས་བཀྱགས་ནས།
ག་ལེར་ངའི་ནང་དུ་སླེབས་པས།
ག་ལེར་ངའི་ཡིད་ལ་སིམ་པས།
གཞི་ནས་ངས་རང་ཉིད་གཉིད་མེད་པའང་ཚོར་བྱུང་།
 

ཨ་མདོ་འབྲོག་གི་ལྭ་བ་ནག་པོ་དེའི་གོང་ཁ་ནས།
གོས་ཆེན་འཁོར་ལོ་མའི་སྟོད་གོས་སྨུག་ནག་དེའིང་གོང་ཁ་ནས།
མིག་ཟུང་ནག་པོ་དེ་ང་ལ་བགད་ཅིང་།
སྐྲ་ལོ་ནག་པོ་དེས་ཀྱང་ང་ལ་བལྟས་འདུག་པས།
གཞི་ནས་ངས་རང་ཉིད་གཉིད་མེད་པའང་ཚོར་བྱུང་།

ཟུར་མིག་ཁབ་རྩེ་ལས་རྣོ་བས་འཛུམ་ཆུང་གི་མི་གསོད་ཅིང་།
དགོད་སྒྲས་འཇིག་རྟེན་ཞུམ་པར་ནུས་པ་ལྟ་བུའི།
ལོ་མའི་སྟེང་གི་ཟིལ་ཆུ་རྡོག་གཅིག་ལྟ་བུའི།
ཡིད་དབྱུང་བའི་ཆགས་པའི་ཆ་དེ་དང་དེ་དག་མཐོང་བས།
གཞི་ནས་ངས་རང་ཉིད་གཉིད་མེད་པའང་ཚོར་བྱུང་། 
15/02/2013

No comments:

Post a Comment