Tuesday 19 April 2016

བརྩེ་གཞས། བརྙན།




བརྩེ་གཞས།

ཚིག སྐྱབས་ཆེན་བདེ་གྲོལ།
གདངས། སྒྲོལ་མ་སྐྱབས།
གཞས་པ། སྒྲོལ་མ་སྐྱབས།

 སྙིང་སྡུག
འཇིག་རྟེན་འདི་ཡི་སྨག་རུམ་མ་ལུས་ང་ཡི་ལུས་པོས་བརྒལ་དགོས་བྱུང་ཡང་།
ཁྱོད་ཉིད་སྙིང་གི་དབུས་ནས་ཐོ་རེངས་སྐར་ཆེན་བཞིན་དུ་ཤར་བ་དེས་ཆོག་གོ།
སྙིང་སྡུག
རྫོགས་མཐའ་མེད་པའི་རྨི་ལམ་མང་པོ་ང་ཡིས་གཅིག་པུར་རྨི་དགོས་བྱུང་ཡང་།
ཁྱོད་ཉིད་སྐད་ཅིག་ཙམ་ལ་ཨུ་དུམ་ཝ་ར་བཞིན་དུ་མངོན་པ་དེས་ཆོག་གོ།
སྙིང་སྡུག
མི་ ཚེ་གཅིག་གི་དུས་ཚོད་མཐའ་དག་ཁྱོད་ཉིད་དྲན་པའི་སེམས་ཀྱིས་སྐྱེལ་དགོས་བྱུང་ཡང་།
ཁྱོད་ཉིད་མི་ཡུལ་ཁམས་ན་ད་དུང་བདེ་བར་ཡོད་པའི་སྐད་ཆ་དེས་ཆོག་གོ།
སྙིང་སྡུག ང་ཡི་སྙིང་སྡུག
ཚེ་རབས་དུ་མའི་ཕྲེང་བ།
བརྩེ་བའི་སེམས་ཀྱིས་བགྲང་བས།
ཕྲེང་ཐག་རྣམ་ཤེས་ཕྲ་མོར།
ད་དུང་ཆད་པ་མི་འདུག
སྙིང་སྡུག
སྲང་ལམ་འདི་ཡི་མེ་ཏོག་མཐའ་དག་ང་རང་གཅིག་པུས་འདེབས་དགོས་བྱུང་ཡང་།
ཁྱོད་ཀྱི་མིག་གི་རྒྱལ་མོས་དེ་དག་ལན་གཅིག་ཟིན་པའི་དགའ་བ་དེས་ཆོག་གོ།
སྙིང་སྡུག
ལུང་སྟོང་དེ་ཡི་མཛའ་གཞས་མཐའ་དག་ང་ཡིས་གཅིག་པུར་གཏོང་དགོས་བྱུང་ཡང་།
ཁྱོད་ཀྱི་སྐད་ངག་སྙན་མོ་དེ་བཞིན་བྲག་ཅའི་ཚུལ་གྱིས་གྲག་པ་དེས་ཆོག་གོ།
སྙིང་སྡུག
མི་ཚེ་གཅིག་གི་དུས་ཚོད་མཐའ་དག་ཁྱོད་ཉིད་དྲན་པའི་སེམས་ཀྱིས་སྐྱེལ་དགོས་བྱུང་ཡང་།
ཁྱོད་ཉིད་མི་ཡུལ་ཁམས་ན་ད་དུང་བདེ་བར་ཡོད་པའི་སྐད་ཆ་དེས་ཆོག་གོ།
སྙིང་སྡུག ང་ཡི་སྙིང་སྡུག
མི་ཚེའི་རྒྱང་མཐོང་ནང་ལ།
གསལ་ལེར་ཤར་བའི་འཇའ་ཚོན།
ཇི་ལྟར་རྒྱང་ཐག་རིང་ན།
དེ་ཙམ་མཛེས་པའི་རི་མོ།
སྙིང་སྡུག ང་ཡི་སྙིང་སྡུག

No comments:

Post a Comment