Friday 14 August 2015

རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་བཙོན་གྲོལ།

༄༅། །རྩོམ་པ་པོ་དང་བློ་འབྱེད་བསམ་བློ་བ། བོད་དོན་འཐབ་རྩོད་པ་སྐུ་ཞུབས་སྒྲོལ་མ་སྐྱབས་ལགས་ནི་ཕྱི་ལོ་ ༡༩༧༦ ལོར་བོད་མདོ་སྨད་ཨ་རིག་མདོ་ལ་རྫོང་འབྲོང་ལུང་སྡེ་བ་རུ་ཁག་བཞི་པར་སྐྱེས།  ཁོང་གི་ཕའི་མིང་ལ་མཁས་བཙུན་དང་། མའི་མིང་ལ་སྒྲོལ་མ་ཟེར་གྱི་ཡོད་པ་དང་། ཁོང་ལ་མིང་སྲིང་བཅུ་ཡོད་པ་ལས་བུ་སྤུན་ལྔ་ཡི་གྲས་ཀྱི་གསུམ་པ་དེ་ཡིན་འདུག ཁོང་ཆུང་དུས་ནས་ཡུལ་དེའི་སློབ་ཆུང་དུ་ཕྱིན། ཕྱི་ལོ་ ༡༩༩༥ ལོར་སློབ་འབྲིང་མཐར་ཕྱིན་ཏེ་མཚོ་སྔོན་དགེ་ཐོན་སློབ་ཆེན་དུ་ཞུགས་པ་དང་། སློབ་མཐར་ཕྱིན་རྗེས་ཆི་ལེན་(མདོ་ལ་)རྫོང་གི་སློབ་འབྲིང་ཞིག་ཏུ་དགེ་རྒན་གྱི་བྱ་བ་གཉེར། རྗེས་སུ་པེ་ཅིན་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སྡེ་ཚན་དུ་སློབ་གཉེར་བྱས། ཕྱི་ལོ་ ༢༠༠༣ ལོར་བཙན་བྱོལ་དུ་འབྱོར་ནས་གསོག་སྒར་སློབ་གྲྭར་དབྱིན་ཡིག་སློབ་སྦྱོང་གི་ཞོར་དུ་ <<ལྷིང་འཇགས་མེད་པའི་ཧི་མ་ལ་ཡ་>> ཞེས་པའི་བོད་ཀྱི་གནས་བབ་གསར་བའི་ འོག་གི་བོད་མི་རིགས་ཀྱི་སེམས་ཁམས་དང་བྱ་སྤྱོད་ཞིབ་འབྲི་བྱས་པའི་སྙན་ཐོའི་ རང་བཞིན་གྱི་དེབ་དེ་རྒྱ་ཡིག་ཐོག་བརྩམས།
            ཕྱི་ལོ་ ༢༠༠༤ ལོའི་ཟླ པར་ཕྱིར་བོད་དུ་ཕེབས་ཏེ་ལྷ་ས་གྲོང་ཁྱེར་གྱི་སློབ་འབྲིང་ཞིག་ཏུ་ལོ་རྒྱུས་དགེ་རྒན་གྱི་ཕྱག་ལས་གནང་། ལས་ཞོར་དུ་བོད་ཀྱི་ས་ཁམས་ལོ་རྒྱུས་ཀྱི་དེབ་ཅིག་ཀྱང་རྩོམ་བྲིས་བྱེད་མགོ་བརྩམས་ཡོད་ཀྱང་། ཕྱི་ལོ་ ༢༠༠༥ ལོའི་ཕྱི་ཟླ་ ཚེས་ ཉིན་རྒྱ་གཞུང་ཉེན་རྟོག་པས་བཙན་ཁྲིད་བྱས་ཏེ་ཁོང་གི་རྩོམ་འབྲིའི་རང་དབང་དང་བཅས་པར་བར་ཆད་ཆེན་པོ་བྱུང་།  ལོ་དེའི་ཕྱི་ཟླ་ ༡༡ ཚེས་ ༣༠ ཉིན་ལྷ་ས་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གསང་སྟབས་ཀྱིས་ཁོང་ལ་རྒྱལ་ཁབ་ཁ་བྲལ་བ་དང་གསང་ཉུལ་བའི་ཉེས་མིང་འོག ལོ་ ༡༠ དང་ཟླ་ བཙོན་འཇུག་ཁྲིམས་ཐག་བཅད་དེ་ལྷ་སའི་ནུབ་ཕྱོགས་སུ་ཡོད་པའི་ཆུ་ ཤུལ་བཙོན་ཁང་དུ་བཙོན་འཇུག་བྱས་ནས་ལོ་དུས་དེའི་རིང་དུ་རྒྱ་གཞུང་གི་བཙོན་འོག་ ཏུ་དཀའ་སྡུག་སྣ་ཚོགས་མྱངས།

            ཕྱི་ལོ་ ༢༠༡༥ ལོའི་ཕྱི་ཟླ་ ༡༠ ཚེས་ ཞོགས་པའི་དུས་ཚོད་ ༨།༠༠ ཙམ་གྱི་སྟེང་རྩོམ་པ་པོ་ཁོང་ཉིད་ལྷ་སའི་ཆུ་ཤུལ་བཙོན་ཁང་ནས་ཁྲིམས་ཆད་དུས་ཡུན་རྫོགས་ཏེ་བཙོན་གྲོལ་བཏང་ཡོད་པ་དང་། དེར་འཆར་ཅན་སྒོས་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གི་ཉེན་རྟོག་པ་གཉིས་ཆེད་དུ་ཁོང་ལེན་པར་ཕྱིན་ཏེ། ལྷ་ས་ནས་ཟི་ལིང་བར་གནམ་གྲུའི་ནང་བསྐྱལ་ཡོད་པ་དང་། ཕྱི་དྲོའི་དུས་ཚོད་ ༤།༠༠ ཙམ་གྱི་སྟེང་། ཟི་ལིང་སྤྱི་བདེ་ཉེན་རྟོག་ལས་ཁུངས་སུ་རྩིས་སྤྲོད་ཀྱི་གན་རྒྱའི་ཡིག་ཆ་ཁག་ལ་མཚན་རྟགས་བསྐྱོན་དུ་བཅུག་སྟེ་འགྲོ་ལུགས་གྲུབ་རྗེས། མཚན་མོའི་དུས་ཚོད་ ༡༠།༤༠ ཡས་མས་ཡིན་པ་དང་། དེ་ཡང་། བོད་ཁུལ་དུ་ ས་བྱིའི་ཞི་རྒོལ་སྐབས་བཟུང་བའི་བཙོན་པ་རྣམས་ན་ནིང་ད་ལོར་རེ་རེ་བཞིན་ཁྲིམས་ ཆད་དུས་ཡུན་རྫོགས་ནས་རྒྱ་ནག་གིས་བཙོན་གྲོལ་གཏོང་གི་ཡོད་པ་དང་། ཆབ་སྲིད་བཙོན་པ་དག་རང་ཡུལ་ཏུ་ལོག་སྐབས་ས་གནས་བོད་མི་དག་གིས་དགའ་གུས་ཆེན་པོའི་ཁ་དར་གཡོགས་པ་དང་། ལྷ་རྒྱལ་འཐེན་པ། འཕྲེད་དར་ཕྱར་བ་དང་རླུང་རྟ་གཏོར་བ་སོགས་བྱེད་ཀྱིན་པར་གཡོལ་ཆེད་ཁོ་ནས་ཡིན་འདུག་མོད། མཚན་མོ་དེར་ཁོང་གི་སྤུན་མཆེན་ཁག་ ཅིག་དང་ལྷན་དུ་ཕྱིར་རང་ཁྱིམ་དུ་ལོག་སྐབས་མདོ་ལ་རྫོང་དུ་བོད་མི་འགས་མཐོང་ སྟེ་ཁོང་ལ་ཁ་དར་གཡོགས་ཡོད་པ་དང་། ཕྱི་ཉིན་ཚེས་ ཉིན་ས་གནས་བོད་མི་མང་བོ་ཞིག་ཁོང་ཚང་ལ་བཅར་ནས་འཚམས་འདྲི་དང་དགའ་བསུའི་ཁ་དར་གཡོགས་པ་སོགས་བྱས་ནས། ད་ལྟ་རང་ཁྱིམ་དུ་ནང་མི་ལྷན་འཛོམས་ཀྱིས་བཞུགས་ཡོད་འདུག
     ཁོང་ཉིད་ལ་ལུགས་མཐུན་མིན་པའི་ཁྲིམས་ཐག་བཅད་པའི་སྐོར་ལ་རྩོམ་ པ་པོ་ཁོང་གིས་བཙོན་ཁང་ནས་ཕྱིར་བཙོན་གྲོལ་བྱེད་བཞིན་པའི་བཙོན་པ་ཞིག་བརྒྱུད་ བཙོན་ནས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་བྲིས་པའི་ཞུ་ཡིག་ཏུབདག་ལ་ལོ་བཅུའི་དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་བྱུང་། རྒྱུ་རྐྱེན་གཙོ་ནི། བདག་གིས་སྔར་བྲིས་ཤིང་ད་དུང་པར་འགྲེམས་བྱུང་མེད་པའི་<<ལྷིང་འཇགས་མེད་པའི་ཧི་མ་ཡ་ལ།>>དེབ་དེ་ཆགས་ཡོད། དེབ་དེའི་ནང་གཙོ་བོ་དམངས་གཙོ་དང་རང་དབང་། བོད་ཀྱི་གནད་དོན་སོགས་བྲིས་ཡོད། འདི་ནི་ཁྲིམས་ཐག་གཅོད་དགོས་པའི་སྒྲུབ་བྱེད་གཙོ་བོར་ངོས་འཛིན་བྱས་འདུག ཡིན་ནའང་། རྒྱ་ནག་གི་ཁྲིམས་ལུགས་གཞིར་བཟུང་ནས་བཤད་ན། དེབ་འདི་ལ་བརྟེན་ནས་རྒྱལ་ཁབ་ཁ་བྲལ་ལ་ངལ་སྐུལ་གྱི་ཉེས་མིང་སྒྲུབ་ཐུབ་ཀྱི་མེད། དེར་བརྟེན། ཁོ་ཚོས་ཁྲིམས་ལུགས་ལོག་སྤྱོད་ཀྱི་སྒོ་ནས་གསང་མྱུལ་བའི་ཉེས་མིང་བཀལ་ཏེ། དངོས་ཡོད་གནས་ཚུལ་དང་བདེན་དཔང་གང་ཡང་མེད་པའི་གནས་སྟངས་འོག བཙན་པོ་དབང་ཡོད་ཀྱིས་བདག་ལ་གསང་མྱུལ་བའི་ཉེས་མིང་བཀལ་ཏེ་ཁྲིམས་བསྒྲགས་བྱས་ཡོད་པ་རེདཅེས་དང་།ཁོ་ཚོས་མི་ཕ་རོལ་བོའི་སྐད་ཆར་ཉན་འཇོག་དང་དངོས་ཡོད་གནས་ཚུལ་བརྩད་གཅོད་མི་བྱེད་པར་ཁྲིམས་གཅོད་པ་དང་། ལྷག་པར་དུ་དབང་ཆ་ཁོ་ནར་བརྟེན་ནས་ཁྲིམས་གཅོད་བྱེད་ཀྱིན་ཡོད། དེར་བརྟེན། ཕྱི་ལོ་༢༠༠༥ཟླ་༡༡ཚེས་༢༦ནས་ཚེས་༢༧ཉིན་བར་མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་མི་སྣ་ལྷ་སར་གཟིགས་སྐོར་སྐབས། ཁོ་ཚོས་དངོས་ཡོད་གནས་ཚུལ་ཤེས་རྟོགས་བྱུང་རྒྱུར་འཛེམས་དོགས་བྱས་ཏེ། བདག་ཕྱི་ཚེས་༢༦དང་ ༢༧ ཉིན་གཉིས་ལ་ས་གནས་གཞན་ཞིག་ཏུ་གནས་སྤོར་གྱིས་སྦོས་སྐོང་བྱས་སོང་།ཞེས་སོགས་ཁ་གསལ་དོན་གནད་དུ་བྲིས་ཡོད་འདུག
            ཡང་རྒྱའི་བཙོན་འོག་གི་བོད་ཀྱི་བཙོན་པ་ཁོང་ཉིད་གཙོ་བྱས་བཙོན་པ་བྱིངས་ལ་མ་ཉེས་ཁག་གཡོགས་དང་། ཉེས་མེད་ཉེས་འགེལ། གཞི་མེད་སྐྱོན་བརྗོད་སོགས་ཀྱིས་རྩོམ་འབྲི་དང་སྨྲ་བརྗོད་རང་དབང་བཙན་འཕྲོག་བྱེད་ཀྱིན་པའི་སྐོར་ལ་ཁོང་གིསབདག་གིས་རང་བྱུང་ས་ཁམས་རིག་པའི་སྐོར་ནས་དེབ་གཅིག་འབྲི་རྩིས་བྱེད་ཀྱི་ཡོད་ཀྱང་། དེབ་དེ་ད་དུང་བྲིས་མེད་པའི་གནས་སྟངས་འོག ཁོ་ཚོས་རང་སྣང་གར་ཤར་གྱི་སྒོ་ནས་བདག་གིས་ཕྱི་ལོག་ཏུ་གསང་གནས་མཁོ་སྤྲོད་བྱས་པར་ངོས་འཛིན་དང་། ལྷག་པར་དུ་རང་བྱུང་ས་ཁམས་རིག་པ་རྩོམ་འབྲི་བྱེད་པ་ནི་བོད་རང་བཙན་ལས་དོན་སྤེལ་བ་ཡིན་པར་ཁུངས་མེད་ལུང་མེད་ཀྱི་ངོས་འཛིན་བྱས་ཡོད། མདོ་མེད་ཀྱི་བཤད་སྟངས་དེ་དག་གིས། དབྱི་ཏ་ལིའི་སྙན་གྲགས་ཅན་གྱི་རང་བྱུང་ས་ཁམས་རིག་པ་བ་བྷོ་རའོ་ནོ་ (Giordano Bruno) ལགས། རྒྱུ་སྐར་ནི་ཉི་མ་ལྟེ་བར་བྱས་ཏེ་འཁོར་བསྐྱོད་བཞིན་པ་བརྗོད་པར་བརྟེན་ནས། ཕྱི་ལོ་ ༡༦༠༠ ལོར་རཱོམ་ཆོས་ལུགས་དཔོན་འཛིན་པ་དག་གིས་ཁོང་ལ་སྲོག་ཁྲིམས་བཅད་པ་དང་གཅིག་མཚུངས་ཀྱི་མཐོང་ཚོར་ཞིག་བདག་ལ་སྐྱེས་སུ་བཅུགཅེས་བྲིས་ཡོད་པ་དང་། ཡང་ཁོང་གིསདེར་བརྟེན། བདག་གིས་མི་དམངས་ལ་རང་ཉིད་ནི་ཁྲིམས་ལུགས་དྲང་སྙོམས་སྒོ་ནས་ཁྲིམས་གཅོད་བྱས་པ་ཞིག་ཏུ་འགྲེལ་བརྗོད་བྱ་ཐབས་བྲལ་བྱུང་། ལྷག་པར་དུ་བདག་གིས་བོད་ཀྱི་གཙོད་སྲུང་སྐྱོབ་དགོས་པ་དང་འབྲོག་ཁུལ་གྱི་རང་དབང་བརྩེ་དུང་ཡར་སྐུལ་སྐོར་ཁྱབ་སྤེལ་བྱས་པ་རྣམས། ཁོ་ཚོས་བདག་གིས་བོད་རང་བཙན་ལས་འགུལ་སྤེལ་བར་ངོས་འཛིན་བྱས་སོང་། ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དང་། བུད་མེད་ཀྱི་བདེ་ཐང་ཤེས་བྱ་ཁྱབ་སྤེལ་དང་འཆར་ལྡན་བུ་སྐྱེས། རང་སྟེང་ནས་འཕྲོད་བསྟེན་བྱེད་པའི་བཅས་ཀྱི་ཆེད་དང་། དེ་བཞིན། རང་བྱུང་ས་ཁམས་རིག་པའི་དཔྱད་ཞིབ་ཡར་རྒྱས་བཅས་ཀྱི་ཆེད་དུ། ལོ་བཅུའི་བཙོན་འཇུག་ཁྲིམས་ཐག་བཅད་པ་དེ་ནི། དེང་རབས་ཀྱི་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཐོག་བློ་ཡིད་ལ་མི་ཤོངས་པའི་གནས་ཚུལ་ཞིག་ཆགས་ཡོད་པར་བདག་གིས་ཡིད་ཆེས་བྱེད་ཀྱིན་ཡོད། ཁོ་ཚོས་ངས་རང་དབང་བཙན་འཕྲོག་བྱས་པ་རེད། ཡིན་ནའང་། ཁོ་ཚོས་བདག་གིས་འགྲོ་བ་མིའི་རིགས་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་དང་། བུད་མེད་ཀྱི་བདེ་ཐང་ཤེས་བྱ་ཁྱབ་སྤེལ་གྱི་ཆོད་སེམས་བཙན་འཕྲོག་བྱ་ཐུབ་གི་མ་རེད། ཁོ་ཚོས་བདག་གསོད་ཐུབ་གི་རེད། ཡིན་ནའང་། བདག་གིས་རང་བྱུང་ས་ཁམས་ཚན་རིག་ལ་འཛིན་པའི་དགའ་མོས་དེ་གསོད་ཐུབ་ཀྱི་མ་རེད། དེ་བཞིན། མི་དང་ཁོར་ཡུག མི་དང་ཨ་མ། རང་བྱུང་ཁོར་ཡུག་བཅས་ཀྱི་འཚོལ་རྟོགས་ནི་འགྲོ་བ་མིའི་རིགས་ཡོངས་ཀྱི་སྤྱི་མཐུན་བརྩི་མཐོང་བྱ་ཡུལ་ཞིག་ཆགས་ཡོད། བདག་གིས་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་རིན་ཐང་འདུ་ཤེས་དེ་རྒྱུན་འཁྱོངས་བྱེད་བཞིན་ཡོད། འབྲེལ་ཡོད་ཚོགས་སྡེ་ཁག་གིས་གནད་དོན་འདིར་དོ་སྣང་དང་རོགས་འདེགས་ཡོང་བའི་རེ་བ་ཡོད། གོ་ཐོས་ལ་རྒྱ་གཞུང་གིས་གསང་མྱུལ་བའི་ཉེས་མིང་བེད་སྤྱོད་ཀྱིན་པ་དེ་ནི་རང་དབང་དང་དམངས་གཙོ་བརྡལ་བཤིག་གཏོང་ཐབས་ཀྱི་ཆེད་དུ་ཡིན་འདུག ད་དུང་ཕྱོགས་གཞན་ཞིག་ནས་ཁོ་ཚོས་སོ་སོའི་ལས་ཀའི་གྲུབ་འབྲས་སྟོན་སྤྱད་ཀྱི་སྙན་ཐོར་བེད་སྤྱོད་བྱ་ཆོག་གི་ཡོད་པ་རེད།ཅེས་སོགས་ཁོང་གིས་ཕྱི་ལོ་ ༢༠༠༥ ཟླ་ ༡༡ ཚེས་ ༣༠ ཉིན་བྲིས་པའི་ཞུ་ཡིག་ཏུ་བཀོད་ཡོད།
            རྩོམ་པ་པོ་ཁོང་ལ་མི་ལོ་བཅུ་ལྷག་གི་རིང་བཙོན་འཇུག་མནར་གཅོད་ཚད་ལས་བརྒལ་བ་བཏང་རྐྱེན། ད་ལྟའི་གཟུགས་པོའི་གནས་སྟངས་སྐོར་ལ་ས་གནས་འབྲེལ་ཡོད་མི་སྣས་བརྗོད་དོན། རྩོམ་པ་པོ་ཁོང་ལྷ་སར་བཙོན་འཇུག་བྱེད་བཞིན་པའི་སྐབས་སུའང་གློ་བའི་གཅོང་ནད་ཕོག་སྟེ་སྨན་ཁང་དུ་ཁྲིད་དགོས་བྱུང་ཡོད་པ་དང་། དེ་ནས་ཀྱང་གཅོང་ནད་སངས་དྲག་མ་བྱུང་པར་ཕྱིར་བཙོན་ཁང་དུ་བཅུག་སྟེ་བདག་སྐྱོང་ལེགས་པོར་བྱས་མེད་པ་སོགས་ཀྱིས། ཁོང་གི་ད་ལྟའི་གཟུགས་པོའི་གནས་སྟངས་སྤྱི་ཡོངས་ནས་ཧ་ཅང་སྐྱོ་བོ་ཆགས་ཡོད་པ་དང་། ཧ་ཅང་རྒས་ཉམས་དོད་ཡོད་པ། ལྷག་པར་དུ་ཁ་དང་མིད་པ་རྒྱུན་གཏན་མིན་པར་ཡང་ཡང་སྐམ་གྱི་ཡོད་པ་སོགས་ལ་གཞིགས་ན། ད་ལྟ་ཁོང་ལ་མཆིན་པ་དང་ཕོ་བའི་ན་ཚ་ཡོད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག
            གཞན་ཡང་། རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་ངོ་ལོ་བཅུའི་ལྷག་རིང་རྒྱ་གཞུང་གི་བཙོན་འོག་ནས་སྡུག་སྦྱོང་མནར་གཅོད་མྱོང་ཞོར། བཙོན་ཁང་ནང་དུ་བོད་དབྱིན་གཉིས་ལ་སློབ་སྦྱོང་བྱས་ཡོད་པར་མ་ཟད། ཁོང་གིས་དེང་རབས་རི་མོའི་སྒྱུ་རྩལ་གྱི་ཕྱོགས་ལའང་སྦྱངས་པ་མི་དམན་པ་བྱས་ཤིང་། བཙོན་གྲོལ་ཐོབ་སྟེ་རང་ཁྱིམ་དུ་ལོག་སྐབས་ཁོང་གི་བྲིས་རྩོམ་རི་མོ་སྣ་ཚོགས་བརྒྱ་ལྷག་བསྣམས་ཕེབས་ཡོད་པ་དང་། འདིར་བརྒྱུད་ལམ་ཁག་དུའང་ཁོང་གིས་བཙོན་འོག་ནས་བྲིས་པའི་རི་མོའི་པར་རིས་རེ་ཟུང་འབྱོར་ཡོད་པ་དང་། དེ་དག་ལས་བོད་རིགས་འབྲོག་མོ་ཞིག་དང་འབྲོག་ཁྱི་ཞིག་བྲིས་ཡོད་པ་དེ་ནི་ཧ་ཅང་གསོན་ཉམས་དོད་པོ་ཞིག་འདུག་ཅེས་འགྲེལ་བརྗོད་གནང་བཞིན་ཡོད།
            ཕྱི་ལོ་ ༢༠༠༧ ལོར་རྒྱལ་སྤྱིའི་པེན་གྱི་ཡན་ལག་བོད་ཀྱི་རྩོམ་པ་པོའི་མཐུན་གྱི་ཚོགས་དྲུང་ཆེ་དཀའ་ཐུབ་རྒྱལ་ལགས་ཀྱིས་ <<ལྷིང་འཇགས་མེད་པའི་ཧི་མ་ལ་ཡ་>> བོད་བསྒྱུར་བྱས་ཏེ་མཐུན་ཚོགས་རང་ནས་པར་བསྐྲུན་དང་འགྲེམས་སྤེལ་བྱས།
            ཕྱི་ལོ་ ༢༠༡༣ ལོར་རྒྱལ་སྤྱིའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༧༩ པ་ཡུ་རོབ་ཀྱི་རྒྱལ་ཁབ་ཨ་སི་ལན་ཊི་ (Iceland) རུ་འཚོགས་སྐབས་རྒྱལ་ཁབ་བདུན་ཅུ་ལྷག་གི་སྐུ་ཚབ་རྩོམ་པ་པོ་ ༡༩༦ ཙམ་འཛོམས་ཐོག་བོད་དོན་སྐོར་གྱི་གལ་ཆེའི་གྲོས་ཆོད་དོན་ཚན་བདུན་ཅན་ཞིག་སྤྱི་མོས་གྱིས་བཞག་པ་ལས་དོན་ཚན་དང་པོརརྩོམ་འབྲི་དང་སྒྱུ་རྩལ་གྱི་ཞི་བའི་ཐབས་ལམ་ལ་བརྟེན་ནས་སྨྲ་བརྗོད་རང་དབང་རྩོད་ལེན་བྱས་པ་ཙམ་ལས། གཞན་ནག་ཉེས་གང་ཡང་མེད་པར་བཙོན་འཇུག་བྱས་པའི་བོད་མི་རྩོམ་པ་པོ་སྒྲོལ་མ་སྐྱབསསོགས་གཙོས་ད་ལྟ་རྒྱ་གཞུང་གི་བཙོན་འོག་ཏུ་ཡོད་པའིསྒྱུ་རྩལ་ལས་རིགས་པ་ཡོངས་རྫོགས་ཆ་རྐྱེན་གང་ཡང་མེད་པར་འཕྲལ་དུ་གློད་གྲོལ་གཏོང་དགོསཞེས་བཀོད་ཐུབ་པ་བྱུང་ཡོད།
            ཕྱི་ལོ་ ༢༠༠༩ ལོར་རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་ལ་ཧེལ་མན་ཧམ་མེ་ཊ་ (Hellman/Hammett) གཟེངས་རྟགས་ ཕུལ་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༡ ལོའི་ཕྱི་ཟླ་ ༡༡ ཚེས་ ༡༥ ཉིན་International PEN རྒྱལ་སྤྱིའི་སྨྱུག་ཚོགས་ཀྱི་རྒྱུན་ལས་མཐུན་ཚོགས་ཀྱིས་བོད་རིགས་རྩོམ་པ་པོ་བཀྲ་ཤིས་རབ་བརྟན་དང་། དཀོན་མཆོག་ཚེ་འཕེལ། གངས་སྐྱེས་སྒྲུབ་པ་སྐྱབས། དེ་བཞིན། རྒྱ་རིགས་རྩོམ་པ་པོ་ཁྲིན་ཞི་དང་ཀོ་ཀྲི་ཧྲིན། རའོ་ཝུན་ཝེ། ལིས་པིས་ཧྥིན་བཅས་འཕྲལ་དུ་བཙོན་ གྲོལ་དགོས་པའི་རྩོམ་པ་པོ་གཙོ་བོའི་གྲས་སུ་དམིགས་སུ་བཏོན་ཏེ་རྒྱལ་སྤྱིའི་ སྨྱུག་ཚོགས་ལ་སྙན་གསེང་ཞུས་ཡོད་པ་ལྟར། རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་སུ་རྒྱལ་སྤྱིའི་བཙོན་འོག་རྩོམ་པ་པོའི་མཐུན་ཚོགས་དང་རྒྱའི་རང་དབང་སྨྱུག་ཚོགས་ཀྱིས་ཕྱི་ལོ་ ༢༠༡༢ ལོའི་བཙོན་འོག་གི་རྩོམ་པ་པོའི་གཟེངས་རྟགས་ཕུལ།
            ཕྱི་ལོ་ ༢༠༡༥ ཕྱི་ཟླ་༡༠ ཚེས་༡༣ ནས་ ༡༦ བར་ཁེ་ན་ཌའི་ཁུ་བེཀ་གྲོང་ཁྱེར་དུ་རྒྱལ་སྤྱིའི་པེན་གྱི་ཚོགས་ཆེན་ཐེངས་ ༨༡ པ་དེ་འཚོགས་པར་པེན་བོད་ཀྱི་རྩོམ་པ་པོ་མཐུན་ཚོགས་རྒྱུན་ལས་ གཉིས་མཉམ་ཞུགས་ཀྱིས་སྐུ་ཞབས་སྒྲོལ་མ་སྐྱབས་གཙོས་རྒྱ་གཞུང་གི་བཙོན་འོག་གི་ བོད་ཀྱི་རྩོམ་པ་པོཚོའི་་སྐོར་ལ་གྲོས་ཆོད་བཞག་ཡོད་ཅིང་། ཕྱི་ཟླ་ ༡༡ ཚེས་ ༡༥ ཉིན་དྷ་སར་པེན་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་གོ་སྒྲིག་འོག་རྒྱལ་སྤྱིའི་བཙོན་འོག་གི་རྩོམ་པ་པོའི་ཉིན་མོ་དུས་དྲན་ཐེངས་ ༣༤ པ་ Day Of The Imprisoned Writers སྲུང་བརྩིའི་མཛད་སྒོར་ཡང་ཁོང་དང་ཁོང་ལྟ་བུའི་བོད་ཀྱི་བཙོན་འོག་གི་རྩོམ་པ་པོ་ཚོའི་སྐོར་ལ་གླེང་སློང་གཟབ་རྒྱས་བྱས་པ་བཅས།

རྩོམ་པ་པོ་སྒྲོལ་མ་སྐྱབས་ཀྱིས་བཙོན་ཁང་ནས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་བྲིས་པའི་ཞུ་ཡིག

༄༅། ། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་དོན་ལྷན་ཚོགས། འཛམ་གླིང་བུད་མེད་ལྷན་ཚོགས། རྒྱལ་སྤྱིའི་ཁོར་ཡུག་སྲུང་སྐྱོབ་མཐུན་ཚོགས། མཉམ་འབྲེལ་རྒྱལ་ཚོགས་ཚན་སློབ་རིག་གསུམ་ལྷན་ཚོགས་བཅས་ལ་ཞུ་དོན།

བདག་ལ་ལོ་བཅུའི་དུས་བཀག་བཙོན་འཇུག་ཁྲིམས་ཐག་བཅད་བྱུང་། རྒྱུ་རྐྱེན་གཙོ་ནི། བདག་གིས་སྔར་བྲིས་ཤིང་ད་དུང་པར་འགྲེམས་བྱུང་མེད་པའི་ <<ལྷིང་འཇགས་མེད་པའི་ཧི་མ་ལ་ཡ་>>ཞེས་པའི་དེབ་དེ་ཆགས་ཡོད། དེབ་དེའི་ནང་གཙོ་བོ་དམངས་གཙོ་དང་རང་དབང་། བོད་ཀྱི་གནད་དོན་སོགས་བྲིས་ཡོད། འདི་ནི་ཁྲིམས་ཐག་གཅོད་དགོས་པའི་སྒྲུབ་བྱེད་གཙོ་བོར་ངོས་འཛིན་བྱས་འདུག ཡིན་ནའང་། རྒྱ་ནག་གི་ཁྲིམས་ལུགས་གཞིར་བཟུང་ནས་བཤད་ན། དེབ་འདི་ལ་བརྟེན་ནས་རྒྱལ་ཁབ་ཁ་བྲལ་ལ་ངལ་སྐུལ་གྱི་ཉེས་མིང་སྒྲུབ་ཐུབ་ཀྱི་མེད། དེར་བརྟེན། ཁོ་ཚོས་ཁྲིམས་ལུགས་ལོག་སྤྱོད་ཀྱི་སྒོ་ནས་གསང་མྱུལ་བའི་ཉེས་མིང་བཀལ་ཏེ། དངོས་ཡོད་གནས་ཚུལ་དང་བདེན་དཔང་གང་ཡང་མེད་པའི་གནས་སྟངས་འོག བཙན་པོ་དབང་ཡོད་ཀྱིས་བདག་ལ་གསང་མྱུལ་བའི་ཉེས་མིང་བཀལ་ཏེ་ཁྲིམས་བསྒྲགས་བྱས་ཡོད་པ་རེད།
ཁོ་ཚོའི་སྒྲུབ་བྱེད་ནི། གཅིག བདག་གིས་དེ་སྔོན་བོད་སྲིད་གཞུང་[བཙོན་བྱོལ་བོད་གཞུང་]ལ་ཁོར་ཡུག་སྲུང་སྐྱོབ་ཐད་ཤུགས་སྣོན་དང་བུད་མེད་ཀྱི་བདེ་ཐང་ལས་དོན་ཡར་རྒྱས་སྐོར་ནས་བསམ་ཚུལ་བརྗོད་པར་ངེས་འཛིན་གྱིས། བདག་གིས་བོད་རང་བཙན་དར་སྤེལ་གྲ་སྒྲིག་བྱེད་ཀྱི་ཡོད་ཚུལ་ཁོ་ཚོས་རང་སྣང་གང་ཤར་གྱིས་ངོས་འཛིན་ཐག་གཅོད་བྱས་སོང་།
གཉིས། བདག་གིས་རང་བྱུང་ས་ཁམས་རིག་པའི་སྐོར་ནས་དེབ་གཅིག་འབྲི་རྩིས་བྱེད་ཀྱི་ཡོད་ ཀྱང་། དེབ་དེ་ད་དུང་བྲིས་མེད་པའི་གནས་སྟངས་འོག ཁོ་ཚོས་རང་སྣང་གང་ཤར་གྱི་སྒོ་ནས་བདག་གིས་ཕྱི་ལོག་ཏུ་གསང་བའི་གནས་ཚུལ་མཁོ་ སྤྲོད་བྱས་པར་ངོས་འཛིན་དང་། ལྷག་པར་དུ་རང་བྱུང་ས་ཁམས་རིག་པ་རྩོམ་འབྲི་བྱེད་པ་ནི་བོད་རང་བཙན་ལས་དོན་ སྤེལ་བ་ཡིན་པར་ཁུངས་མེད་ལུང་མེད་ཀྱི་ངོས་འཛིན་བྱས་ཡོད། མདོ་མེད་ཀྱི་བཤད་སྟངས་དེ་དག་གིས། དབྱི་ཏ་ལིའི་སྙན་གྲགས་ཅན་གྱི་རང་བྱུང་ས་ཁམས་རིག་པ་བ་བྷོ་རའོ་ནོ་ Giordano Bruno ལགས་ཀྱིས་རྒྱུ་སྐར་ནི་ཉི་མ་ལྟེ་བར་བྱས་ཏེ་འཁོར་བསྐྱོད་བཞིན་པ་བརྗོད་པར་བརྟེན་ནས། ཕྱི་ལོ་ ༡༦༠༠ ལོར་རཱོམ་ཆོས་ལུགས་དཔོན་འཛིན་པ་དག་གིས་ཁོང་ལ་སྲོག་ཁྲིམས་བཅད་པ་དང་གཅིག་མཚུངས་ཀྱི་མཐོང་ཚོར་ཞིག་བདག་ལ་སྐྱེས་སུ་བཅུག
གསུམ།  ཁོ་ཚོས་མི་ཕ་རོལ་བོའི་སྐད་ཆར་ཉན་འཇོག་དང་དངོས་ཡོད་གནས་ཚུལ་བརྩད་གཅོད་མི་བྱེད་པར་ཁྲིམས་གཅོད་པ་དང་། ལྷག་པར་དུ་དབང་ཆ་ཁོ་ནར་བརྟེན་ནས་ཁྲིམས་གཅོད་བྱེད་ཀྱིན་ཡོད། དེར་བརྟེན། ཕྱི་ལོ་ ༢༠༠༥ ཟླ་ ༡༡ ཚེས་ ༢༦ ནས་ཚེས་ ༢༧ ཉིན་བར། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་མི་སྣ་ལྷ་སར་གཟིགས་སྐོར་སྐབས། ཁོ་ཚོས་དངོས་ཡོད་གནས་ཚུལ་ཤེས་རྟོགས་བྱུང་རྒྱུར་འཛེམས་དོགས་བྱས་ཏེ། བདག་ཕྱི་ཚེས་ ༢༦ དང་ ༢༧ ཉིན་གཉིས་རིང་ས་གནས་གཞན་ཞིག་ཏུ་གནས་སྤོར་གྱིས་སྦོས་སྐོང་བྱས་སོང་།
དེར་བརྟེན། བདག་གིས་མི་དམངས་ལ་རང་ཉིད་ནི་ཁྲིམས་ལུགས་དྲང་སྙོམས་སྒོ་ནས་ཁྲིམས་གཅོད་བྱས་པ་ཞིག་ཏུ་འགྲེལ་བརྗོད་བྱ་ཐབས་བྲལ་བྱུང་། ལྷག་པར་དུ་བདག་གིས་བོད་ཀྱི་གཙོད་སྲུང་སྐྱོབ་དགོས་པ་དང་འབྲོག་ཁུལ་གྱི་རང་དབང་བརྩེ་དུང་ཡར་སྐུལ་སྐོར་ཁྱབ་སྤེལ་བྱས་པ་རྣམས། ཁོ་ཚོས་བདག་གིས་བོད་རང་བཙན་ལས་འགུལ་སྤེལ་བར་ངོས་འཛིན་བྱས་སོང་། ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དང་། བུད་མེད་ཀྱི་བདེ་ཐང་ཤེས་བྱ་ཁྱབ་སྤེལ་དང་འཆར་ལྡན་བུ་སྐྱེས། རང་སྟེང་ནས་འཕྲོད་བསྟེན་བྱེད་པའི་བཅས་ཀྱི་ཆེད་དང་། དེ་བཞིན། རང་བྱུང་ས་ཁམས་རིག་པའི་དཔྱད་ཞིབ་ཡར་རྒྱས་བཅས་ཀྱི་ཆེད་དུ། ལོ་བཅུའི་བཙོན་འཇུག་ཁྲིམས་ཐག་བཅད་པ་དེ་ནི། དེང་རབས་ཀྱི་འགྲོ་བ་མིའི་རིགས་ཀྱི་ལོ་རྒྱུས་ཐོག་བློ་ཡིད་ལ་མི་ཤོངས་པའི་གནས་ཚུལ་ཞིག་ཆགས་ཡོད་པར་བདག་གིས་ཡིད་ཆེས་བྱེད་ཀྱིན་ཡོད། ཁོ་ཚོས་ངས་རང་དབང་བཙན་འཕྲོག་བྱས་པ་རེད། ཡིན་ནའང་། ཁོ་ཚོས་བདག་གིས་འགྲོ་བ་མིའི་རིགས་ཀྱི་རང་བྱུང་ཁོར་ཡུག་སྲུང་སྐྱོབ་དང་། བུད་མེད་ཀྱི་བདེ་ཐང་ཤེས་བྱ་ཁྱབ་སྤེལ་གྱི་ཆོད་སེམས་བཙན་འཕྲོག་བྱ་ཐུབ་གི་མ་རེད། ཁོ་ཚོས་བདག་གསོད་ཐུབ་རྒྱུ་རེད། ཡིན་ནའང་། བདག་གིས་རང་བྱུང་ས་ཁམས་ཚན་རིག་ལ་འཛིན་པའི་དགའ་མོས་དེ་གསོད་ཐུབ་ཀྱི་མ་རེད། དེ་བཞིན། མི་དང་ཁོར་ཡུག མི་དང་ཨ་མ། རང་བྱུང་ཁོར་ཡུག་བཅས་ཀྱི་འཚོལ་རྟོགས་ནི་འགྲོ་བ་མིའི་རིགས་ཡོངས་ཀྱི་སྤྱི་མཐུན་བརྩི་མཐོང་བྱ་ཡུལ་ཞིག་ཆགས་ཡོད། བདག་གིས་ཐོག་མཐའ་བར་གསུམ་དུ་རང་ཉིད་ཀྱི་རིན་ཐང་འདུ་ཤེས་དེ་རྒྱུན་འཁྱོངས་བྱེད་བཞིན་ཡོད།
འབྲེལ་ཡོད་ཚོགས་སྡེ་ཁག་གིས་གནད་དོན་འདིར་དོ་སྣང་དང་རོགས་འདེགས་ཡོང་བའི་རེ་བ་ཡོད།
གོ་ཐོས་ལ་རྒྱ་གཞུང་གིས་གསང་མྱུལ་བའི་ཉེས་མིང་བེད་སྤྱོད་བཞིན་པ་དེ་ནི་རང་དབང་དང་དམངས་གཙོ་བརྡལ་བཤིག་གཏོང་ཐབས་ཀྱི་ཆེད་དུ་ཡིན་འདུག ད་དུང་ཕྱོགས་གཞན་ཞིག་ནས་ཁོ་ཚོས་སོ་སོའི་ལས་ཀའི་གྲུབ་འབྲས་སྟོན་བྱེད་ཀྱི་སྙན་ཐོར་བེད་སྤྱོད་བྱ་ཆོག་གི་ཡོད་པ་རེད།
ཕྱི་ལོ་ ༢༠༠༥ ཟླ་ ༡༡ ཚེས་ ༣༠ ཉིན་ལསྒྲོལ་མ་སྐྱབས་ཀྱིས་བཙོན་ཁང་ནས།

རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་ཀྱི་བརྩམས་དེབ་ << ལྷིང་འཇགས་མེད་པའི་ཧི་མ་ལ་ཡ་>> ཡི་གླེང་བརྗོད
 
 རྩོམ་པ་པོ་སྒྲོལ་མ་སྐྱབས་ལགས་ཀྱི་བརྩམས་དེབ་ << ལྷིང་འཇགས་མེད་པའི་ཧི་མ་ལ་ཡ་>> ཡི་མཇུག་བསྡུའི་གཏམ།

No comments:

Post a Comment